༄༅།།ནང་པའི་བསྟན་པ་དེང་རབས་སྤྱི་ཚོགས་བཟང་སྤྱོད་དུ་སྐུལ་བའི་ཐབས་སུ་འགྲོ་ཚུལ་ལ་ཆེ་ལོང་ཙམ་དཔྱད་པ།

发布时间: 2018-12-26 16:06:00 来源: 旺达寺 次旺坚赞

ནང་དོན་གནད་བསྡུས།དཔྱད་རྩོམ་འདིར་དམིགས་ཡུལ་མེད་ན་གཞན་ཕན་བསྒྲུབ་པའི་ཡུལ་མེད་པས་སེམས་ཅན་ཐམས་ཅད་རང་གི་ཆོས་རྣམ་དག་སྒྲུབ་པའི་མཐུན་རྐྱེན་ཡིན་པ་དང་།   ཕར་ཕྱིན་གྱི་ཉམས་ལེན་དང་འབྲེལ་བའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་སྤྱི་ཚོགས་སྟེང་བདེ་ཐབས་ཀྱིས་འཁྲིད་པའི་ཐབས་ལམ།   འདུལ་ཁྲིམས་རྩ་བ་བཞི་སྤོང་བ་ནི་རྒྱལ་ཁབ་ཞི་བདེ་དང་ལྷིང་འཇགས། ཡར་རྒྱས་གོང་འཕེལ་བཅས་ཀྱི་མཐུན་རྐྱེན་ཡིན་པའི་སྐོར་བཅས་ཕྱོགས་གསུམ་ནས་ནང་པའི་བསྟན་པ་དེང་རབས་སྤྱི་ཚོགས་བཟང་སྤྱོད་དུ་སྐུལ་བའི་ཐབས་དམ་པ་ཡིན་ཚུལ་ལ་དཔྱད་པ་བྱས་ཡོད།

བརྡ་ཆད་གཙོ་བོ།གཞན་ཕན།    ཕར་ཕྱིན།    འདུལ་བ།   དེང་རབས་སྤྱི་ཚོགས།

内容摘要本文从以下三个方面论述佛教对现代社会良性发展的促进作用,并结合具体案例探讨操作层面的具体要求。一、无所缘境则无利他之对境故,众生为修习正道之正缘;二、从般若波罗蜜多修法中探寻社会向善发展的门径;三、四根本戒何以促成国家安全与人民安居。

关键词利他、波罗蜜多、戒律、现代社会

དང་པོ།   དམིགས་ཡུལ་མེད་ན་གཞན་ཕན་བསྒྲུབ་པའི་ཡུལ་མེད་པ་ཡིན་པས།  དེས་ན་སེམས་ཅན་ཐམས་ཅད་རང་གི་ཆོས་རྣམ་དག་སྒྲུབ་པའི་མཐུན་རྐྱེན་ཡིན་པར་བསམ་པའི་སྐོར།

སྤྱིར་སྲོག་དབུགས་ཀྱིས་བསྡུས་པའི་སེམས་ཅན་སུ་ཡིན་ཡང་བདེ་བ་མ་གཏོགས་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་པ་སྨོས་མ་དགོས། འོན་ཀྱང་ཐམས་ཅད་ཀྱི་བསམ་རྒྱུར་བདེ་བ་བསམ་ཡང་བདེ་བའི་རྒྱུ་བསྐྲུན་ཐབས་མ་ཤེས་པའི་དབང་གིས་སེམས་ཅན་ཕལ་ཆེ་བ་འཁོར་བ་དང་སྤྱི་ཚོགས་ཀྱི་མྱ་ངན་གྱི་འདམ་ལས་ཐར་མ་ཐུབ་པར་དཀའ་ངལ་རིམ་པ་ཞིག་འཕྲད་དང་འཕྲད་མུས་སུ་ཡོད་པ་ནི་མངོན་གསལ་ཡིན། དེ་ལྟ་བུའི་འཇིག་རྟེན་གྱི་འཚོ་བ་ཚེ་འདི་སྣང་གི་བྱ་བ་དུ་མ་ཞིག་མཐོང་ཐོས་ནི་ང་ཚོ་མི་ཕལ་བ་རྣམས་ཀྱིས་ཀྱང་དཔྱད་ན་ཤེས་རྟོགས་འབྱུང་རྒྱུ་ཡོད་པ་ཞིག་རེད།

དེས་ན་ང་ཚོ་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་ལ་མཚོན་ནས་བཤད་ན་འབངས་མི་དཀྱུས་མ་ཞིག་དང་མི་འདྲ་བའི་རང་རང་ལ་འགན་ཞིག་ངེས་པར་དུ་ཡོད་དགོས་པ་དང་འགན་དེ་ངེས་པར་དུ་ལག་བསྟར་གནང་ཐུབ་པ་ཞིག་དགོས། རྒྱལ་ཁབ་ཀྱི་ལས་བྱེད་ནི་སངས་རྒྱས་ཆོས་ལུགས་ནང་ནས་བཤད་པ་ལྟར་ན‘‘སར་གནས་ཀྱི་སེམས་དཔའ’’ཟེར་བ་ནང་བཞིན་ཡིན་པས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྡུག་ལ་བསམ་གཞིག་ཏན་ཏན་གནང་དགོས་ཞིང་། ཆོས་ལུགས་ནང་གི་སར་གནས་སེམས་དཔའ་ཟེར་བ་དེ་ནི་རང་ལས་གཞན་གཅེས་མཁན་དང་རང་དོན་ལས་གཞན་དོན་གཙོ་བོར་སྒྲུབ་མཁན་གྱི་གང་ཟག་ཅིག་རེད། ང་ཚོ་ཡང་དེ་དང་ཆ་འདྲ་བའི་རྒྱལ་ཁབ་ཀྱི་མི་དམངས་སམ་སེམས་ཅན་གྱི་དྲིན་གཟོ་དགོས་པ་ཡིན།  སེམས་ཅན་ཡོད་ཚད་ང་ཚོ་དང་འབྲེལ་བའང་ཡོད་དེ་སངས་རྒྱས་ཀྱི་ཆོས་གཞུང་ལས‘‘ཕ་མ་མ་བྱས་འགྲོ་བ་གཅིག་ཀྱང་མེད’’ཅེས་པའི་སེམས་ཅན་མཐའ་དག་རང་གི་ཕ་མ་བྱས་མྱོང་བའི་རང་ལ་དྲིན་ཆེན་ཡིན་པ་ཤེས་དགོས་པ་དང་གཞན་ཡང‘‘མ་གྱུར་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཕྱིར།   བདག་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ’’ཞེས་གསུངས་པ་ནི་སེམས་ཅན་མཐའ་དག་སྡུག་བསྔལ་ལས་གྲོལ་པའི་ཆེད་དུ་སེམས་པ་བཟང་པོའམ་ཐེག་ཆེན་སེམས་བསྐྱེད་ཅིག་ཡོད་དགོས་པ་རེད།   དེ་ལྟ་བུའི་སེམས་བསྐྱེད་བཟང་པོ་ཞིག་མེད་ན་དེ་ལ་སར་གནས་སེམས་དཔའ་མི་ཟེར་ལ་སེམས་བསྐྱེད་དེ་ནི་ངེས་པར་དུ་ཡོད་དགོས་པ་ཁོང་ཚོའི་ཆ་རྐྱེན་གཙོ་བོ་ཞིག་ཡིན།   དེ་ནང་བཞིན་ང་རང་ཚོ་ལ་ཡང་དམིགས་ཡུལ་ངེས་ཅན་ཡོད་དགོས་པ་ནི་འགྲོ་བ་གཞན་ལ་ཕན་ཐོགས་པའི་བྱ་བ་ངེས་ཅན་དུ་བསྒྲུབ་རྒྱུ་དེ་ཡིན།   འགྲོ་བའམ་སེམས་ཅན་གཞན་གྱི་དོན་སྒྲུབ་རྒྱུ་དེ་ནི་སངས་རྒྱས་ཆོས་ལུགས་ཀྱིས་བཤད་ནའང་རང་ཉིད་ཀྱི་དགེ་བ་སྒྲུབ་པའི་མཐུན་རྐྱེན་གཙོ་བོར་གྱུར་ཡོད་སྟབས་དུས་དང་རྣམ་པ་ཀུན་ཏུ་ཆོས་འཇིག་རྟེན་གང་ནས་བསམ་གཞིག་གནང་ན་ཚེ་གཞན་དོན་སྒྲུབ་དགོས་པ་ནི་རང་འགན་ཡིན་ལ།   རྒྱལ་ཁབ་ཀྱི་དམིགས་ཡུལ་ཡང་འབངས་མི་སེར་ལ་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཏེ་དཀའ་ངལ་སེལ་རྒྱུ་དེ་ཡིན་པས་ཧ་ཅང་གལ་ཆེ་སྟེ་ཆོས་གཞུང་ལས‘‘སངས་རྒྱས་བས་ཀྱང་སེམས་ཅན་གཅེས’’ཞེས་སོགས་ཀྱིས་ཤེས་དགོས།  

གས་པ།   ཕར་ཕྱིན་གྱི་ཉམས་ལེན་དང་འབྲེལ་བའི་སྒོ་ནས་སེམས་ཅན་

ཐམས་ཅད་ལ་སྤྱི་ཚོགས་སྟེང་བདེ་ཐབས་ཀྱིས་འཁྲིད་པའི་

ཐབས་ལམ་ལས་འཕྲོས་པའི་གཏམ།   

ཕར་ཕྱིན་གྱི་ཉམས་ལེན་ནི་གཙོ་བོ་ཅི་ཞིག་གི་ཆེད་དུ་ཡིན་ཟེར་ན་དེ་ནི‘‘སྤངས་བླང་གི་ལེགས་ཉེས་རྣམ་པར་འབྱེད་ཤེས་པའི་སྒོ་ནས་རང་རྒྱུད་ཀྱི་དུག་ལྔ་ཞི་ཞིང་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་འདུན་པ་འགྲུབ་ཆེད་དུ་བརྩོན་པའི་སྦྱོར་བ’’ཞིག་ལ་ཆོས་གཞུང་ཁག་ནས་གསུངས་ཡོད།   སྤྱིར་ཕ་རོལ་དུ་ཕྱིན་པ་བཅུ་ལ་རྣམ་གྲངས་མི་འདྲ་བ་དུ་མ་ཡོད་ཀྱང་ཤེར་ཕྱིན་གྱི་གཞུང་ལས‘‘སྦྱིན་པ།   ཚུལ་ཁྲིམས།   བཟོད་པ།   བརྩོན་འགྲུས།   བསམ་གཏན།   ཤེས་རབ།   ཐབས་དང་།   སྨོན་ལམ།   སྟོབས།   ཡེ་ཤེས’’བཅས་ཡིན་པར་བསྟན་ཡོད།   དེ་ནང་གི་སྦྱིན་པ་ལ་སྤྱིར་ཆོས་ཀྱི་སྦྱིན་པ་དང་།   སྐྱབས་ཀྱི་སྦྱིན་པ་དང་།   ཟང་ཟིང་གི་སྦྱིན་པ་དང་གསུམ་རིམ་པར་ཕྱེས་ཡོད།   

ཆོས་ཀྱི་སྦྱིན་པ་ཟེར་བ་ནི་གསུང་རབ་གདམས་ངག་འཆད་ཁྲིད་སོགས་ཚེ་འདི་དང་ཕྱི་མ་གཉིས་གར་ཕན་པའི་ཆེད་དུ་བཤད་པར་གོ་བ་ལོན་དགོས་ཤིང་། དེ་ཡང་གཙོ་བོ་སེམས་ཅན་བདེ་སྐྱིད་འབྱུང་ཐབས་སུ་བཤད་པ་ཞིག་ལ་ངེས་པར་དུ་གོ་དགོས་པ་ཞིག་དང་། འཇིག་རྟེན་གྱི་མི་དཀྱུས་མ་ཞིག་ལ་སྦྱར་ནས་བཤད་ན་གོ་བདེ་སྟབས།   སྤྱི་ཚོགས་ཀྱི་སློབ་གྲྭའི་དགེ་རྒན་རྣམ་པའི་ལྷག་བསམ་རྣམ་དག་གིས་སློབ་མ་རྣམས་ལ་དཔེ་ཁྲིད་བྱས་ཏེ་བྱ་བ་ལེགས་ཉེས་སྤངས་བླང་གི་རྣམ་དབྱེ་དང་མདུན་ལམ་ཡངས་པའི་ཁ་ཕྱོགས་སོགས།   ཤེས་ཡོན་སློབ་ཁྲིད་གནང་བ་ནི་ཆོས་ཀྱི་སྦྱིན་པ་ཡིན་ལ་སྦྱིན་པའི་ནང་ནས་མཆོག་ཏུ་གྱུར་པ་ཞིག་ཡིན་ཆོགཆོས་གཞུང་ཁག་ནས་ཀྱང་ཆོས་ཀྱི་སྦྱིན་པ་ནི་ཧ་ཅང་གི་རྨད་དུ་བྱུང་བའི་བྱ་བ་བཟང་པོ་ཞིག་ཡིན་པ་ཡང་ཡང་གསུངས་ཡོད།   དཔེར་ན‘‘ལུས་སྐྱེད་པའི་ཕ་མ་དང་།   སེམས་སྐྱེད་པའི་དགེ་རྒན’’ཞེས་གསུངས་པས་དགེ་རྒན་ནི་སེམས་སྐྱེད་པ་ལ་དྲིན་ཆེ་བའི་ཞབས་ཞུ་མི་སྣ་ཁྱད་པར་བ་ཞིག་ཡིན་ལ་དེ་ནི་ཐུན་མིན་ཞིག་ཏུ་གྱུར་པའི་རྒྱུ་རྐྱེན་ནི་ཆོས་ཀྱི་སྦྱིན་པ་གནང་བས་ཡིན།   

སྐྱབས་ཀྱི་སྦྱིན་པ་ནི་བྱིས་པ་ཆུང་ཆུང་ཞིག་རྐུན་ཇག་གིས་ཁྱེར་ནས་གསོད་ཁའི་དུས་སུ་རྒྱལ་ཁབ་ཀྱི་སྤྱི་བདེ་ཅུས་ཀྱི་ཉེ་བར་བསྐྱབས་ནས་བདེ་གླགས་ངང་བྱིས་པ་ཕ་མ་དང་མཉམ་དུ་སླར་ཡང་འཚོ་བ་རོལ་ཐུབ་པ་ལྟ་བུ་ལ་སྐྱབས་ཀྱི་སྦྱིན་པ་ཟེར།   སྤྱི་ཚོགས་དང་མི་དམངས་ཀྱི་བདེ་འཇགས་དང་ཞི་བདེའི་ཆེད་དུ་ང་ཚོ་ཚང་མ་ལ་འགན་འཁྲི་ངེས་པར་ཡོད་ལ་ཡོད་ཀྱང་དགོས།   གང་ཡིན་ཟེར་ན་སེམས་ཅན་ཐམས་ཅད་ལ་དྲིན་གཟོ་དགོས་པ་ནི་ནང་བསྟན་གྱི་བསྒྲུབ་བྱ་སྙིང་པོ་དེ་ཡིན་པས་སོ། 

ཟང་ཟིང་གི་སྦྱིན་པ་ཟེར་བ་ནི་དཔལ་འབྱོར་ཐད་ནས་སྦྱིན་པ་ལ་ཟེར།   དཔེར་ན་དབུལ་པོ་འཚོ་བའི་ཕྱོགས་ནས་དཀའ་ངལ་སྣ་མང་ཞིག་འཕྲད་མི་རིགས་ལ་ཐབས་ལམ་སྣ་མང་དགོས་ནས་མཐུན་རྐྱེན་གང་ལེགས་གཏང་བ་ལ་ཟེར།   ཆོས་གཞུང་ནས་‘‘འཁོར་གསུམ་དམིགས་མེད་དུ་སྦྱིན་པ་’’ཟེར་བའི་སྦྱིན་པ་གཏོང་དུས་སུ་ཁྱད་ཆོས་མི་འདྲ་བ་གསུམ་ཚང་དགོས་པ་བཤད་ཡོད་དེ་ནི་ཐེག་པ་ཆེན་པོའི་ལུགས་ལྟར་བཤད་པ་ཡིན་ནོ། 

ཚུལ་ཁྲིམས་ཟེར་བ་ནི་ཆོས་གཞུང་སོགས་ནས་བཞེད་ཚུལ་མང་ཡང་འདུལ་གཞུང་དག་དང་མཐུན་པར་བཤད་ན‘‘སོ་ཐར་རིགས་བརྒྱད’’དང<<སོ་ཐར་རིགས་བདུན>>ཞེས་གསུངས་པས།   ཁྱིམ་པའི་བསྲུང་བྱ་དང་ཁྱིམ་སྤངས་པའི་བསྲུང་བྱ་གཉིས་ཀྱི་ཁོངས་སུ་འདུས།   ཁྱིམ་པ་ལའང་བསྙེན་གནས་དང་དགེ་བསྙེན་གཉིས་དང་།   ཁྱིམ་སྤང་ལ་གཙང་གཙུག་དང་དགེ་སློང་གཉིས་ཡོད།   དེ་ཡང་ཕོ་ལ་བཞི་དང་མོ་ལ་བཞིར་དབྱེ་བའི་རིགས་བརྒྱད་དུ་འབོད།   སྐབས་འདིའི་ཚུལ་ཁྲིམས་ཀྱི་གོ་བ་ནི་‘‘གཞན་གནོད་གཞི་ནས་སྤོང་བའི་ངེས་འབྱུང་གི་ཚུལ་ཁྲིམས་’’ཞེས་འདུལ་གཞུང་སོགས་ནས་གསུངས།   དེ་ཕྱིར་ང་ཚོས་ཀྱང་ཚུལ་ཁྲིམས་ལ་ཉམས་ལེན་མཛད་དེ་གཞན་ལ་གནོད་པ་སྤངས་པའི་ཐར་ལམ་ལ་རང་གིས་དངོས་སུ་འབད་བརྩོན་གནང་ནས་གཞན་ལའང་དེ་བཞིན་བྱེད་དགོས་པ་ཡིན།   འདི་ལྟར་བྱས་ན་རྒྱལ་ཁབ་ལ་བདེ་འཇགས་འབྱུང་བའི་གཞི་རྩ་དེ་ཡིན་ལ།   འབངས་མི་ཞི་བདེའི་ལམ་ལ་ཁྲིད་པའི་ལེགས་ལམ་ངོ་མ་ཡིན།   

བཟོད་པ་ལ་རྣམ་པ་གསུམ་དུ་ཆོས་གཞུང་སོགས་ནས་གསུངས་པ་ཇི་བཞིན་ནི་‘‘སྡུག་བསྔལ་དང་དུ་ལེན་པ་དང་།   གཞན་གྱི་གནོད་པ་ལ་ཅི་མི་སྙམ་པ་དང་།   ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་’’ཞེས་བཟོད་པ་ལ་གསུམ་དུ་བསྟན།   

དང་པོ་ནི་སེམས་ཅན་གྱི་དྲིན་གཟོ་ཐབས་དང་སེམས་ཅན་ལ་ཕན་པའི་དོན་འགྲུབ་ན་མཐོ་སྲིད་པའི་རྩེ་ནས་དམའ་དམྱལ་བའི་གདར་སོས་ཡན་གྱི་སྡུག་བསྔལ་ཀུན་དང་དུ་ལེན་པར་ནུས་པའི་སྤོབས་པའི་བཟོད་པ་ལྟ་བུ་སྟེ།   དེ་ནི་སེམས་ཅན་གྱི་དྲིན་གཟོ་བའི་བཟོད་པ་ཟེར།   

གཉིས་པ་ནི་གཟུགས་ཅན་དང་གཟུགས་མེད་ལྷ་འདྲེ་གང་གིས་གནོད་པ་ལ་འཛེམ་དོགས་མེད་པའི་བཟོད་པ་དེ་གཞན་གྱི་གནོད་པ་ཅི་མི་སྙམ་པའི་བཟོད་པ་ཟེར།   དཔེར་ན་གཞུང་ཞབས་ཞིག་གིས་བྱ་བ་སྒྲུབ་པར་གོང་འོག་བར་གསུམ་གྱིས་འདྲ་མིན་སྣ་ཚོགས་ཤིག་བཤད་ནས་འགོག་རྐྱེན་བྱས་རུང་།   འབངས་མི་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་ཞིག་ཡིན་ཚེ་ངེས་པར་དུ་འབད་པས་བསྒྲུབས་པ་ལྟ་བུ་ལ་ཅི་མི་སྙམ་པའི་བཟོད་པ་ཟེར་ཆོག

གསུམ་པ་ནི་ཐེག་པ་ཆེན་པོའི་གཞིའི་གནས་ལུགས་ཀྱི་དོན་གསལ་བས་གང་ལའང་འཇིགས་དོགས་མེད་པར་བཟོད་ནུས་པ་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཡིན།   དེ་ནི་ལེགས་ཉེས་ཀྱི་རྣམ་འབྱེད་ལ་མ་རྨོངས་པར་བྱ་བ་གང་བསྒྲུབས་ཀྱང་ངལ་བ་ལ་མི་སུན་པར་སྤོབས་སེམས་དང་བཅས་པའི་སྒོས་སྒྲུབ་པ་ཞིག་གོ།   

བརྩོན་འགྲུས་ལ་སྤྱིར་བཞེད་ཚུལ་མི་འདྲ་བ་མང་ཡང་ཆོས་གཞུང་དུ་མ་ཞིག་མཐུན་པར་གསུམ་དུ་བཤད་པ་ལྟར་ན།   གོ་ཆ་དང་།   སྦྱོར་བ།   ཡོངས་སུ་མཐར་ཕྱིན་པ་དང་གསུམ་དུ་གསུངས།   དང་པོ་ནི་གང་ཞིག་དགེ་བའི་ཕྱོགས་ཀྱི་ལས་བྱེད་པ་ལ་སེམས་སྤྲོ་ཞིང་ཡིད་དད་པ་ལ་ཟེར།   གཉིས་པ་ནི་དགེ་བ་བསྐྱེད་འཕེལ་བྱེད་པ་ལ་དངོས་སུ་འཇུག་བཞིན་པའི་བརྩོན་འགྲུས་ཤིག་ཡིན།   གསུམ་པ་ནི་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་དུ་བརྩོན་འགྲུས་ལྟ་བུ་དང་གསུམ་བཅས་ཡིན།   

བསམ་གཏན་ཟེར་བ་ནི་འགྱུར་ལྡོག་དང་གཡོ་རྩོལ་གྱི་དྲི་མ་བྲལ་བའི་དགེ་བ་དེ་ལ་སྤྱིར་བསམ་གཏན་ཞེས་བརྗོད།   དེ་ལ་རྣམ་དབྱེ་གསུམ་ཙམ་ཕྱེས་ཡོད་ལ་ཡོན་ཏན་མངོན་པར་སྒྲུབ་པ་དང་།   མི་གཡོ་བ་དང་།   དབང་འབྱོར་བ་ཅན་གྱི་བསམ་གཏན་གསུམ་པོ་ཡིན།   དང་པོ་ནི་འབྲས་བུ་སྤངས་རྟོགས་ཀྱི་ཡོན་ཏན་མངོན་དུ་འགྱུར་བའང་སྒྲུབ་པར་བྱེད་པའི་རྒྱུ་ས་ལྔ་པའི་བསམ་གཏན་ལྟ་བུ་དང་།   གཉིས་པ་ནི་འགྱུར་ལྡོག་གི་དྲི་བྲལ་གྱི་ཆ་ལ་སེམས་རྩེ་གཅིག་ཏུ་མི་གཡོ་བར་གནས་པའི་བསམ་གཏན་ལྟ་བུ་དང་།   གསུམ་པ་དེ་ལྟར་མཉམ་བཞག་གི་དུས་སུ་བོན་ཉིད་ལ་དབང་འབྱོར་ནས་རྗེས་ཐོབ་ཀྱིས་གཞན་དོན་སྤྲོས་འགོག་ཅི་བྱས་ཀྱང་གནོད་སྐྱོན་དུ་མི་འགྲོ་བར་གནས་ཐུབ་པའི་བསམ་གཏན་ལྟ་བུ་དང་གསུམ་པོ་ནི་ནང་ཆོས་ཀྱི་གཞུང་དང་མཐུན་པ་ཙམ་ཡིན།   

ཤེས་རབ་ནི‘‘འཁྲུལ་འཆལ་གྱི་དྲི་མ་དང་བྲལ་བས་ཁྱད་པར་དུ་བྱས་པའི་དགེ་བ’’དེ་ཤེས་རབ་ཀྱི་ངོ་བོ་ཡིན།   དེ་ལ་ཡང་རྣམ་པ་གསུམ་དུ་ནང་བསྟན་དཔེ་ཚོགས་ལས་གསལ་བ་ནི།   ཐོས་པའི་ཤེས་རབ་དང་གཅིགབསམ་པའི་ཤེས་རབ་དང་གཉིས།   སྒོམ་པའི་ཤེས་རབ་དང་གསུམ།   

ཐབས་ལ་རྣམ་པ་གསུམ་ཡོད་དང་པོ་ནི་རང་གི་ལྟ་བའི་དོན་ཁོ་ནར་ཡུན་རིང་གནས་པ་དམན་པའི་འགོག་སེམས་རིགས་བྲལ་བའི་ཐབས་དེ་ཡིན།   གཉིས་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འགྲོ་བ་རྣམས་དགེ་བའི་ཕྱོགས་སུ་འཁྲིད་པའི་ཐབས་དང་།   གསུམ་པ་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་མཛད་ནས་གཞན་རྒྱུད་སྨིན་པར་བྱེད་པའི་ཐབས་དང་གསུམ་པོ་ཡིན།   

སྨོན་ལམ་ཟེར་བ་ནི་ཇི་ལྟར་ཡིན་ཞེ་ན་རེ་དོགས་དང་བྲལ་བས་ཁྱད་པར་དུ་བྱས་པའི་དགེ་བ་དེ་ལ་སྨོན་ལམ་ཟེར་བ་ཡིན།   དེའི་སྐབས་སུ་རེ་དོགས་ཟེར་བའི་དོན་ནི་ཕྱོགས་རིས་ལ་གོ་དཔེར་ན་ཕྱོགས་རིས་དང་བྲལ་བ་ལྟ་བུའི་དོན་ལས།   དང་པོ་ནི་རང་གི་དགེ་བ་ཕྲ་རགས་ཅི་བྱས་ཀྱང་རེ་དོགས་དང་བྲལ་བའི་བསྔོ་སྨོན་ལ་རག་ལས་པས་དེ་དག་ཀུན་རང་བཞིན་ཚོགས་གཉིས་རྫོགས་པའི་རྒྱུར་སྨོན་ལམ་འདེབས་པ།   གཉིས་པ་ནི་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་སྤྱོད་པ་རྒྱུན་མི་ཆད་བར་སྤྱོད་པའི་སྨོན་ལམ།   གསུམ་པ་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ་སོགས་སུ་འགྲོ་དོན་རྒྱ་ཆེན་པོར་ནུས་པའི་སྨོན་ལམ་འདེབས་པ་དང་གསུམ་ཡིན་པ་ཆོས་གཞུང་ཁག་ལས་གསུངས་ཡོད།   

སྟོབས་ཟེར་བ་ནི་‘‘རྣམ་དཀར་དགེ་བའི་ལས་ལ་མ་ནུས་པའི་སེམས་ཞུམ་པ་བྲལ་བས་ཁྱད་པར་དུ་བྱས་པའི་དགེ་བ་’’དེ་སྟོབས་ཀྱི་ངོ་བོ་ཡིན་ཞེས་གསུངས།   འདི་ལ་རྣམ་པ་གསུམ་ཡོད་དགེ་བའི་སྟོབས་ལས་མི་ལྡོག་པ་དང་།   ཉོན་མོངས་པ་སྤོང་བར་བྱེད་པ་དང་།   བདུད་དང་གཞན་གྱིས་མི་ཚུགས་པར་བྱེད་པ་དང་གསུམ་ཞེས་བཤད་ལ།   དང་པོ་ནི་ལས་ཅི་བྱས་ཀྱང་དམ་པ་གསུམ་གྱིས་ཟིན་པའི་དགེ་སྟོབས་ལས་ལྡོག་འཇིག་རྟེན་ཁེ་སྤོགས་དང་སྙན་གྲགས་ཀྱི་དབང་དུ་མ་ཕྱིན་པའི་དགེ་སྟོབས་ལྟ་བུ་ཞིག་ཡིན་དགོས།   གཉིས་པ་ནི་མི་དགེ་བའི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་པའི་མཉམ་པར་བཞག་པའི་དགེ་བའི་སྟོབས་ལྟ་བུ་དང་།   གསུམ་པ་ལས་དགེ་བ་སྐྱེད་པ་ལ་གཟུགས་ཅན་གྱི་ལྷ་འདྲེ་དང་གཟུགས་མེད་ཀྱི་རྣམ་རྟོག་ལ་སོགས་གང་གིས་ཀྱང་བར་ཆོད་ཀྱིས་མི་ཚུགས་པའི་དགེ་བ་ལྟ་བུ་དང་གསུམ་དེ་ཡིན།   

ཡེ་ཤེས་ནི་བག་ཆགས་དྲི་མས་སྒྲིབ་པར་མི་ནུས་པ་བོན་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པའི་དགེ་བ་དེ་ཡེ་ཤེས་ཀྱི་ངོ་བོ་དང་།   གཉིས་པ་དབྱེ་བ་ལ་རྣམ་པ་གསུམ་ལས་དང་པོ་རྣམ་པར་མི་རྟོག་པ་དང་།   གཉིས་པ་རྣམ་པར་རྟོག་པ་ཀུན་མཉམ་པ་ཉིད་དུ་མཁྱེན་པ།   གསུམ་པ་ཐབས་ཐམས་ཅད་ཀློག་ཏུ་མ་གྱུར་པ་དང་གསུམ་བཅས་ཡིན།   དང་པོ་ནི་སྟོང་པ་ཉིད་ཀྱི་དོན་གསལ་བར་མཐོང་བའི་མཉམ་བཞག་ལྟ་བུ་མི་རྟོག་པའི་ཡེ་ཤེས་དང་།   གཉིས་པ་ནི་ཕྱི་སྣོད་ནང་བཅུད་རྣམ་པར་ཀུན་རང་རང་གི་གཤིས་ལུགས་དང་གཉིས་མེད་མཉམ་པར་གཟིགས་པ་ལྟ་བུའི་ཡེ་ཤེས།   གསུམ་པ་ནི་སླར་ཡང་གདམས་ངག་དང་ཐབས་ལ་བརྟེན་མི་དགོས་པར་ཐམས་ཅད་མངོན་དུ་གྱུར་པ་ལྟ་བུའི་ཡེ་ཤེས་དང་གསུམ་པོ་ཡིན།   དེ་དག་ནི་ཕར་ཕྱིན་གྱི་གཞུང་ལས་བཤད་པའི་ཕ་རོལ་དུ་ཕྱིན་པ་བཅུའི་རྣམ་བཞག་ལ་དཔྱད་པ་ཡིག་ཐོག་ཏུ་བྲིས་པའི་རྣམ་པ་འདིར་བཀོད་པ་ཡིན་པས་དགེའོ།   །   

གསུམ་པ།   འདུལ་ཁྲིམས་རྩ་བ་བཞི་སྤོང་བ་ནི་རྒྱལ་ཁབ་ཞི་བདེ་དང་ལྷིང་འཇགས།   ཡར་རྒྱས་གོང་འཕེལ་བཅས་ཀྱི་མཐུན་རྐྱེན་ཡིན་པའི་སྐོར།

དེ་ཡང་འདུལ་བའི་ཆོས་དཔེ་ཁག་ནས་བཤད་པ་ལྟར་ན་རྩ་བ་བཞི་སྤོང་བ་ནི་སྡུག་བསྔལ་རྒྱ་མཚོའི་རུ་མ་འདྲ་བའི་ཉོན་མོངས་པའི་རྟོག་ཚོགས་ལ་སོགས་མི་འབྱུང་ཞིང་ཚེ་འདིར་བདེ་ཞིང་ཕྱི་མར་ཡང་ངན་སོང་གི་སྒོ་ལས་ཐར་ཏེ་འདི་ཕྱི་གཉིས་གར་ཞི་བདེ་ལ་སྤྱོད་པའི་རྒྱུ་ཁྱད་པར་ཅན་ཞིག་ཡིན་པར་བསྟན་ཡོད།   རྩ་བ་བཞི་ནི‘‘སྲོག་གཅོད་པ།   ལོག་པར་གཡེམ་པ།   རྫུན་དུ་སྨྲ་བ།   མ་བྱིན་པ་ལེན་པ’’དང་བཞི་ལ་རྩ་བ་བཞི་ཟེར་དེ་བཞི་མ་སྤང་ན་འཁོར་བའི་སྡུག་བསྔལ་གྱི་གཞི་མ།   རྒྱལ་ཁབ་ཀྱི་འབངས་མི་དང་སེམས་ཅན་སྤྱི་དང་བྱེ་བྲག་གི་འགྲོ་བ་མཐའ་དག་ཞི་བདེ་ཡོང་ཐབས་མེད་པར་མ་ཟད་སྤྱི་ཚོགས་ལ་མི་བདེ་བ་སྣ་ཚོགས་འབྱུང་རྐྱེན་ཡང་གཙོ་བོ་འདི་རིགས་མ་སྤང་བའི་ཉེས་སྐྱོན་ཁོ་ན་ལས་འབྱུང་གིན་ཡོད་པ་མངོན་གསལ་ཡིན།   དེ་རིགས་སྤོང་ཐབས་རིགས་བརྒྱ་ཆ་གང་འཚམས་བྱུང་ནའང་དེ་བཞིན་བདེ་འབྲས་འབྱུང་ངེས་པ་ཡིན།   

སྤྱིར་སྲོག་གཅོད་པ་ལྟ་བུ་ལ་མཚོན་ན་ཆོས་འཇིག་རྟེན་གཉིས་གང་གི་ཐད་ནས་བཤད་ན་དེ་ལྟར་བྱས་ཚེ་རྒྱལ་ཁབ་ཀྱི་ཁྲིམས་དང་ཡང་འགལ་ལ་དམ་པའི་ཆོས་དང་ཡང་འགལ་བ་ཡིན།   སྲོག་གཅོད་ཀྱི་བྱ་བ་སྤངས་ན་རྒྱལ་ཁྱབ་ཞིག་ལ་མཚོན་ནས་བཤད་ན་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་འཁྲུག་ཆེན་སོགས་མི་འབྱུང་བའི་ཡོན་ཏན་ཡོད།   ལོག་གཡེམ་སྤངས་ན་སྤྱིའི་ནད་(ཨེ་ཙུའི་ནད་)རིགས་མི་འབྱུང་བ་དང་བྱེ་བྲག་ཏུ་གཟའ་འཁོན་སོགས་མི་འབྱུང་བའི་ཕན་པ་ཆེན་པོ་ཡོད།   དེ་བཞིན་དུ་རྫུན་སྤངས་ན་ང་ཚོ་ཆེ་ས་ནས་རྒྱལ་ཁྱབ་ཀྱི་ལྐོག་ཟ་རུལ་གསུམ་དང་ཆུང་ས་བླ་རྫུན་དང་སྤྲུལ་རྫུན་སོགས་མི་དམངས་ལ་མགོ་སྐོར་མཁན་རིགས་མི་འབྱུང་དེ་ལྟར་ལེགས་ལམ་དུ་འཁེལ་ན་མི་སུ་ཡིན་ཡང་བདེན་པ་ཞིག་ཏུ་འགྱུར་ངེས་ཅན་ཡིན།   མི་དམངས་ལའང་ཡིད་ཆེས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རྫུན་མ་བཤད་ནས་བདེན་པ་བདེན་རྐྱང་ལ་ཐབས་ཤེས་ཟུང་གིས་རོགས་འདེགས་བྱེད་པའི་ཐབས་ལམ་ལས་འབྱུང་གིན་ཡོད་དེ་ལྟར་བྱུང་ཚེ་གཞུང་དམངས་གང་གི་བྱ་བ་བཟང་པོ་བསྒྲུབ་དགོས་ནའང་ལེགས་འགྲུབ་ཡོང་བའི་ཆ་རྐྱེན་རྨད་དུ་བྱུང་བ་ཞིག་ཡིན།   

མ་བྱིན་པ་ལེན་པ་ཟེར་བ་ནི་གཙོ་བོ་རྐུ་བྱེད་པ་དང་ཇག་རྒྱབ་པར་གོ་བ་ཡིན།   དེ་མ་སྤང་ན་འཛམ་གླིང་འདི་ལྟ་བུར་བཤད་ན་ཡང་རྐུན་མ་དང་ཇག་པ་སོགས་ཇེ་མང་འགྲོ་སྟེ་འཛམ་གླིང་བདེ་འཇགས་ཡོང་ཐབས་མེད་པས།   རྐུ་བྱེད་པ་ནི་མི་བདེ་བའི་རྐྱེན་ངན་གྱི་འབྱུང་ཁུངས་ཤིག་ཏུ་ངོས་འཛིན་འོས་པ་ཡིན།   དེར་བརྟེན་མ་བྱིན་པ་ལེན་པ་སྤངས་ན་འགྲོ་བ་སེམས་ཅན་སྤྱི་དང་ཁྱད་པར་དུ་ང་ཚོ་འཚོ་གནས་བྱ་ཡུལ་འཛམ་གླིང་འདིའི་སྒང་དུ་ལྷིང་འཇགས་དང་གཟི་བརྗིད་ངང་འཚོ་བ་རོལ་ཆོག་པ་ཡིན།   

དེ་བཞི་སྤོང་བ་ནི་བདེ་སྐྱིད་དང་ཡར་ཐོན་གྱི་འབྱུང་གནས་ཡིན་པས་ང་ཚོ་འདི་བཞི་སྤོང་མཁན་ཉིན་རེ་ལས་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་དུ་ཕྱིན་པ་ཡིན་ན་ད་གཟོད། ང་ཚོའི་མི་དམངས་དང་རྒྱལ་ཁབ་ཞི་བདེ་དང་ལྷིང་འཇགས། ཡར་རྒྱས་གོང་འཕེལ་ནི་ཡར་ངོས་ཀྱི་ཟླ་བ་ཇི་བཞིན་ཡོང་ངེས་པ་ཡིན་པས་ཐབས་ལམ་འདི་ཤིན་ཏུ་གལ་ཆེའོ།