༄༅། །ས་ཆེན་ཀུན་དགའ་སྙིང་པོའི་མ་ཡུམ་ཞང་མོ་བསོད་ནམས་སྐྱིད་ཀྱི་མཛད་རྗེས་ལ་ཐོག་མར་དཔྱད་པ།

发布时间: 2018-12-26 15:51:00 来源: 萨迦寺 格敦嘉措

ནང་དོན་གནད་བསྡུས།  རྩོམ་ཡིག་འདིའི་ནང་དུ་བོད་བརྒྱུད་ནང་བསྟན་ས་སྐྱ་པའི་ཆོས་རྒྱུད་ཀྱི་སྲོལ་གཏོད་པ་པོ་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་མ་ཡུམ་གྱིས་ཁོང་ཉིད་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་ཆགས་པར་མཛད་པའི་ཕུལ་བྱུང་གི་ཕྱག་རྗེས་རྣམས་ངོ་སྤྲོད་བྱས་ཏེ་ཁོང་གི་བཀའ་དྲིན་ལ་དྲན་གསོ་ཞུས་ཡོད།  

བརྡ་ཆད་གཙོ་བོ།མ་ཡུམ།   སྙིང་སྟོབས།   བྱམས་བརྩེ།   དཀྱེལ་ཡངས།   ཐབས་མཁས།  

内容摘要本文通过梳理藏文史籍中,有关藏传佛教萨迦派创始人萨钦根噶宁波母亲的零星记述,从而试图呈现与建构其母生活的时代与其生平的大致轮廓,进而初步讨论其母的真知灼见对萨钦根噶宁波及其学统的影响,并谨以此文感怀一位伟大母亲的恩情。

关键词母亲、精神、慈悲、博大、善巧

དེ་ཡང་བོད་གངས་ཅན་ལྗོངས་སུ་དར་བའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ།  མདོ་སྔགས་རིག་གནས་དང་བཅས་པའི་བསྟན་པ་སྤྱི་དང་།   ཁྱད་པར་དུ་གསང་ཆེན་གཉིས་མེད་དགྱེས་པ་རྡོ་རྗེའི་རྒྱུད་ལས་བསྟན་པའི་ལམ་གྱི་རིམ་པ་ཟབ་མོ་ཉམས་སུ་བཞེས་ཏེ་ནུབ་དྲུག་ལ་ས་དྲུག་གི་རྟོགས་པ་བརྙེས་པའི་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བི་ཝ་པས་ལེགས་པར་ཕྱེ་བའི་ཀྱེ་རྡོ་རྗེའི་བཀའ་སྲོལ་རྣམ་གཉིས་ཀྱི་བདག་པོ།  ཆེ་བ་བཅུ་གཅིག་གི་བདག་ཉིད་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གཙོ་བོར་གྱུར་པའི་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་དཔལ་ལ་བརྟེན་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་རླབས་ཆེན་འཕྲིན་ལས་ཀྱི་འོད་སྣང་ས་ཆེན་པོའི་ཁྱོན་ལ་ཁྱབ་པ།  རྗེ་བཙུན་ས་སྐྱ་པ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་བཀའ་སྲོལ་རྨད་དུ་བྱུང་བ་འདི་ཉིད་སྐྱེ་རྒུའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞད་པ་ལ་བཀའ་དྲིན་ལྷག་པར་ཆེ་བའི་སྐྱེས་མ་ཞིག་ཡོད་པ་ནི་ཡོངས་གྲགས་སུ་བླ་མ་ས་སྐྱ་པ་ཆེན་པོའི་ཡུམ་མ་གཅིག་ཞང་མོའམ།  མཚན་ཡོངས་རྫོགས་ལ་ཞང་མོ་བསོད་ནམས་སྐྱིད་ཅེས་ཞུ་བ་ཁོང་ཡིན་པས་འདིར་ཁོང་གིས་བླ་མ་ས་སྐྱ་པ་ཆེན་པོ་ཇི་ལྟར་བསྐྱང་ཚུལ་ལས་འཕྲོས་ཏེ་ཆེ་བའི་ཡོན་ཏན་འགའ་ཞིག་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་འགོད་པ་ལ།  

དང་པོ།   སྐྱེས་མ་ཁོང་གི་ལོ་རྒྱུས་མདོར་བསྡུས།

སྤྱིར་ན་བོད་ཀྱི་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་ཁག་ཏུ་སྐྱེས་བུ་དམ་པ་ཞིག་གི་ལོ་རྒྱུས་འབྲི་བའི་ཚེ་ཡབ་ཡུམ་སོགས་ཀྱི་རིགས་རུས་ཕུན་སུམ་ཚོགས་པ་དང་།  ཆེན་པོར་བརྩི་འོས་པའི་ཡོན་ཏན་དམིགས་བསལ་བ་རེ་ཡོད་ན་གཡང་རྩེའི་ཁ་ལ་ཡས་སྒྲོན་གྱི་ཚུལ་དུ་གླེང་བ་ལས་ལོ་རྒྱུས་ལ་གསལ་ཁ་དོད་པའི་ཆེད་དུ་བྲིས་པ་ཉུང་ངུར་སྣང་བ་ལྟར་འདིར་གླེང་བར་བྱ་བའི་སྐྱེས་མ་ཁོང་གི་ལོ་རྒྱུས་ཀྱང་འཁོན་དཀོན་མཆོག་རྒྱལ་པོ་དང་།  བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་རྣམ་ཐར་ལས་ཅུང་ཟད་རེ་བྱུང་བ་ལས་རྒྱས་པོ་ཞིག་མཇལ་མ་ཐུབ་པས་ཞིབ་ཅིང་ཕྲ་བ་འབྲི་ཐབས་བྲལ་ཡང་།  རགས་རིམ་ཙམ་ཞིག་འདི་ལྟ་སྟེ།  འཁོན་དཀོན་མཆོག་རྒྱལ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔག་ན་ཁོང་ནི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ལ་བྱོན་པ་ཞིག་ཡིན་པར་གསལ་ལ།  [1]སྐུ་རྒྱུད་ནི་སྟག་ལོ་ཆེན་པོའི་གདུང་རབས་ལས་གུང་ར་མ་ཇོ་མོ་ཞང་མོ་ཞེས་དང་།  [2]མཁན་ཆེན་སངས་རྒྱས་ཕུན་ཆོགས་ཀྱིས་མཛད་པའི་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཆོས་འབྱུང་གི་རྩོམ་འཕྲོར་གུ་ར་བའི་བུ་སྲིན་ཇོ་མོ་ཞང་མོ་ཞེས་གསུངས་པ་ལྟར་ན།  ལོ་རྒྱུས་མང་པོར་འཁོན་དཀོན་མཆོག་རྒྱལ་པོས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཕྱག་འདེབས་སྐབས་ཡུལ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་དང་སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་ལ་དེ་ལྟར་འཐད་མིན་གྱི་བཀའ་གྲོས་མཛད་ཚུལ་དང་།  དགོན་གནས་འདེབས་ས་དེར་བནྡེ་གྲོང་བཞི་དང་།  ལྷ་མི་གྲོང་བདུན་སོགས་ཡོད་ཅེས་གསལ་བའི་ཞང་ཞུང་གུ་ར་བ་དེ་ཁོང་གི་ཡབ་ཡིན་པར་སྣང་བས་དེས་ན་སྐབས་དེར་གནས་བབ་ཅུང་མཐོ་བའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་པ་དང་།  མཚན་ནི་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་གདུང་རབས་ཡ་རབས་ཁ་རྒྱན་ལས།  དེ་དང་ཞང་མོ་བསོད་ནམས་སྐྱིད་ཀྱི་སྲས། །ས་སྐྱའི་བླ་ཆེན་ཀུན་དགའ་སྙིང་པོ་འཁྲུངས། །[3]ཞེས་གསུངས་པས་ཞང་མོ་ཞེས་པ་ཡབ་རྒྱུད་ཀྱི་མཚན་ཟུར་དུ་དྲས་ཏེ།  མཚན་དངོས་ལ་བསོད་ནམས་སྐྱིད་ཅེས་ཞུ་བར་གསལ་ལོ།   ། གཞན་ཡང་ཁོང་གིས་འཁོན་དཀོན་མཆོག་རྒྱལ་པོ་གཤེགས་པའི་ཤུལ་དུ་སྐུ་ན་མ་སོན་པའི་ཁྱེའུ་ཆུང་དེ་ཉིད་ཡབ་ཀྱི་གདན་ས་འཛིན་ཐུབ་པའི་མཁས་གྲུབ་གཉིས་ལྡན་སྐྱེས་བུ་ཆེན་པོ་ཞིག་ཆགས་པར་མཛད་པའི་བརྒྱུད་རིམ་ཁྲོད་གནང་བའི་བཀའ་སློབ་དང་།  མཛད་རྗེས་དེ་དག་ལ་ལེགས་པར་བརྟགས་ན་ཁོང་ནི་ནང་ལས་ཕྲན་ཚེགས་ཀྱིས་སྐུ་ཚེ་ཕུད་ནས་ཡོང་བ་དེ་འདྲ་མ་ཡིན་པར་སློབ་གསོའི་ཁོར་ཡུག་ཁྱད་པར་ཅན་ཞིག་འགྲིམས་མྱོང་བ་ཨེ་ཡིན་སྙམ་པའི་བསམ་ཚུལ་ངང་གིས་སྟེར་བར་བྱེད་མོད་དེའི་སྐོར་གྱི་ཁུངས་ཅིའང་མ་རྙེད་པས་དཔྱད་གཞི་ཙམ་དུ་འཇོག་པ་ལས་བྱ་ཐབས་ཟད་དོ། །

གཉིས་པ།  འཛད་མཐའ་མེད་པའི་བཀའ་དྲིན།

ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་ཞེས་གྲགས་པར་ལྟར་མི་ཞིག་འཚར་ལོང་ཡོང་བའི་བརྒྱུད་རིམ་ཁྲོད་ཕ་མ་རྣམས་འགྲོ་ལམ་གྱི་ཁ་ཕྱོགས་ཐོག་མར་སྟོན་མཁན་དེ་ཡིན་པ་མ་ཟད།  མི་དེའི་བསམ་སྤྱོད་ཡོངས་རྫོགས་ལ་ཕ་མའི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད་པའི་དབང་གིས་ཕ་མའི་བྱང་ཚད་ནི་བུ་ཕྲུག་ཚོའི་མི་ཚེར་གྲུབ་འབྲས་གང་འདྲ་ཞིག་ཐོབ་མིན་གྱི་རྩ་བའི་སྔོན་འགྲོ་ལྟ་བུར་གྱུར་ཡོད།  དེར་བརྟེན་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་ཀྱི་སྲོལ་གཏོད་པ་པོ་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་དེ་ཉིད་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དེ་འདྲ་ཞིག་ཆགས་པ་ལ་ཡང་ཁོང་གིས་ཡུམ་ཆེན་གྱིས་ལེགས་སྐྱེས་མི་དམན་པ་ཞིག་ཕུལ་ཡོད་པ་ནི་སྨྲོས་མི་དགོས་པ་ཡིན་པས་དེའི་ཚུལ་འཇམ་མགོན་ཨ་མྱེས་ཀྱི་གདུང་རབས་ལས།  ཡུམ་གྱི་ཞལ་ནས་ཉིད་ཀྱི་ཡབ་ཀྱང་ལོ་ཙཱ་བ་དང་འབྲེལ་བ་ཤིན་ཏུ་ཆེ་ཞིང་ཆོས་འདི་རྫུན་ཆུང་ཟེར་ནས་མཉེས་ཏེ།  ཡབ་ཀྱི་སློབ་དཔོན་ཡང་ལོ་ཙཱ་བ་ཡིན་པས་ཉིད་ཀྱང་ལོ་ཙཱ་བ་ཞིག་ལ་ཆོས་སློབ་དགོས་ཤིང་།  ཉིད་ཆུང་བས་འོ་ཅག་གི་དགོན་པ་མི་ཟིན།  གདན་ས་ཡང་བ་རི་ལོ་ཙཱ་བ་ལ་གཏད་པ་དྲག་གསུངས་ནས་བ་རི་ལོ་ཙཱ་བ་གཡུ་མཁར་མོ་ན་ཡོད་པ་སྤྱན་དྲངས་[4]ཞེས་གསུངས་པ་ཁུངས་སུ་བྱས་ཏེ་དོན་ཚན་ཁ་ཤས་ལ་ཕྱེས་ནས་ཞུ་བར་བྱའོ། །

གཅིག གཏིང་ཟབ་པའི་དགོངས་བཞེད། ནང་པ་སངས་རྒྱས་པའི་བསྟན་པ་འདི་ཉིད་ནི་བཀའ་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ལྟ་བུས་བསྐྱངས་ན་མི་འགྲིག་པར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་བརྟེན་ནས་སྐྱོང་དགོས་པའི་དབང་གིས་སྟོན་པ་བཀའ་དྲིན་ཅན་གྱིས་ཀྱང་རང་གི་རྒྱལ་ཚབ་ཏུ་ཁོང་དང་ཤ་རུས་ཀྱི་འབྲེལ་བ་ཡོད་པའི་སྐུ་མཆེད་དམ་ཡང་ན་ཁོང་ཉིད་སྒེར་དང་དམིགས་བསལ་གྱི་ཐུགས་ཉེ་བའི་མི་སྣ་གང་ཡང་བསྐོ་བཞག་མ་མཛད་པར་སྐབས་དེ་ཤེད་ན་ཁོང་གི་ཉན་ཐོས་རྣམས་ལས་སྤྱོད་ཡོན་གང་ཐད་ནས་གཟེངས་སུ་ཐོན་ཞིང་།  གཟུ་བོར་གནས་པ་ཀུན་གྱིས་གུས་བཀུར་དང་དང་ལེན་ཞུ་ཐུབ་པའི་གནས་བརྟན་འོད་སྲུང་ཆེན་པོ་བསྐོ་བཞག་མཛད་ཡོད་ལ།  དེ་ནས་བཟུང་སྟེ་བསྟན་པའི་གཏད་རབས་བདུན་ཆར་བསྐོ་བཞག་མཛད་ཚུལ་དེ་ལྟར་ཡིན་པ་མ་ཟད།  རྣམ་དཔྱོད་ཀྱི་གཟི་འོད་འཛམ་གླིང་ཡོངས་ལ་ཁྱབ་པའི་མཁས་པའི་ཁྱུ་ཚོགས་ཟམ་མ་ཆད་པར་བྱོན་སའི་དཔལ་ནཱ་ལེནྡྲའི་དང་།  བི་ཀྲ་མ་ལ་ཤཱི་ལིའི་གཙུག་ལག་ཁང་སོགས་འཕགས་ཡུལ་གྱི་ནང་པའི་ཆོས་གྲྭ་ཆེན་པོ་ཁག་ཏུ་ཡང་རྨད་དུ་བྱུང་བའི་ལམ་ལུགས་དེ་ཉིད་ཀྱི་སྲོལ་བསྐྱངས་ཡོད།  འོན་ཀྱང་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་བོད་གངས་ཅན་གྱི་ལྗོངས་སུ་དར་བ་ན་ཡུལ་དུས་ཀྱི་དབང་གིས་སྔར་རྒྱ་གར་ལ་མེད་པའི་ལམ་ལུགས་ཁ་ཤས་ཤིག་གི་རྩ་བ་རྒྱས་ཤིང་རྩེ་མོ་ཚུགས་ཡོད་པ་ནི།  དཔེར་ན་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལམ་ལུགས་ལྟ་བུ་ཡིན།  ལམ་ལུགས་འདི་ཉིད་བོད་བརྒྱུད་ནང་བསྟན་ཁོ་ན་ལས་ཆོས་རྒྱུད་གཞན་ལ་མེད་མོད་སངས་རྒྱས་ལ་སྤྲུལ་སྐུ་བྱོན་རྒྱུ་ཡོད་པ་ནི་ནང་པ་སངས་རྒྱས་ཀྱི་ཐེག་པ་ཆེན་པོ་བ་སྤྱིའི་བཞེད་དགོངས་ཡིན་པ་ལས་བོད་བརྒྱུད་ནང་བསྟན་གྱིས་གསར་གཏོད་བྱས་པ་ཞིག་མ་ཡིན་མོད།  དེང་སང་ཡོངས་གྲགས་ཀྱི་སྤྲུལ་སྐུ་དང་ནང་པའི་ཆོས་གཞུང་ལས་བསྟན་པའི་སྤྲུལ་སྐུ་གཉིས་ལ་ཁྱད་པར་གཏན་ནས་མེད་པ་མ་ཡིན་ཏེ།  ནང་པའི་ཆོས་གཞུང་ལས་བསྟན་པའི་སྤྲུལ་སྐུ་དེ་ནི་རང་དོན་ཆོས་སྐུ་བརྙེས་ཟིན་ནས་གཞན་དོན་དུ་གང་ལ་གང་འདུལ་གྱི་སྐུར་བལྟམས་པ་ཞིག་ཡིན་དགོས་ལ།  དེང་སང་ཡོངས་གྲགས་ཀྱི་སྤྲུལ་སྐུ་ནི་ཆོས་པ་བཟང་པོ་ཞིག་གཤེགས་ནས་སྐུ་ཚེ་རྗེས་མ་ཡང་སྐྱར་མི་ལུས་བླངས་པ་ལ་ཡང་ཟེར་གྱིན་ཡོད།   གང་ལྟར་ཡང་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལམ་ལུགས་དེ་ལ་དགེ་སྐྱོན་གཉིས་ཀ་ཡོད་པར་སྣང་སྟེ།  དཔེར་ན་སྤྲུལ་སྐུ་ངོས་འཛིན་ཞུས་རྗེས།  སློབ་དཔོན་དབྱིག་གཉེན་གྱིས།  ཚུལ་གནས་ཐོས་དང་བསམ་ལྡན་པའི། །སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་གསུངས་པར་ལྟར་དུ་གསོ་སྐྱོང་བྱས་ཏེ།  མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་ཞིག་བྱས་ན་སྤྲུལ་སྐུའི་མཚན་གནས་དེས་མཐུན་པའི་རྐྱེན་བྱས་ཏེ་སྤྱིར་བཏང་གི་མི་ཞིག་ལས་ལྷག་པའི་བསྟན་འགྲོའི་དོན་རྒྱ་ཆེན་པོ་བསྒྲུབ་ཐུབ་པ་ནི་སྔོན་ནས་ད་བར་མཐོང་ཆོས་སུ་གྱུར་ཡོད།  འོན་ཀྱང་དེང་སང་དགོན་སྡེ་འགའ་ཞིག་གི་བྱེད་ལུགས་ལྟར་སྤྲུལ་སྐུ་ཞིག་ངོས་འཛིན་ཞུས་རྗེས་སློབ་གཉེར་གྱི་གོ་སྐབས་སྤྲད་དེ་ནང་ཆོས་ལ་གོ་རྟོགས་མཐོ་བའི་ངེས་པ་དོན་གྱི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཨེ་ཡོང་མི་ལྟ་བར་སྨྲ་ཤེས་མི་ཤེས་ཙམ་ནས་ཁྲི་མཐོན་པོ་ཞིག་ལ་བཞག དེ་ནས་དཔལ་འབྱོར་རྩོལ་སྒྲུབ་ཀྱི་ལག་ཆ་ལྟ་བུར་བརྩིས་ཏེ་ཟང་ཟིང་གི་བྱ་བ་འབའ་ཞིག་གིས་མི་ཚེ་འཕུད་དུ་བཅུག མཐར་བསྟན་འགྲོ་ལ་ཕན་ཐོགས་རྒྱུ་ཕར་ཟད་དགོན་པ་དེའི་ནང་དུ་བསྟན་པ་མཚན་ཉིད་པ་ཞིག་དར་བའི་བཀག་རྡོ་ལྟ་བུར་གྱུར་ན་ནི་མི་གཅིག་གཉིས་ཙམ་མ་ཡིན་པར་ཆེ་ས་ནས་བསྟན་འགྲོ་སྤྱི་དང་།  ཆུང་ས་ནས་དགོན་པའི་འདིའི་ནང་གི་གྲྭ་དམངས་ཡོངས་རྫོགས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན།   ཚུལ་འདི་ལྟ་བུར་དགོངས་ནས་བླ་མ་ས་སྐྱ་པ་ཆེན་པོའི་ཡུམ་ཆེན་ཁོང་གི་ཞལ་ནས་ཉིད་ཆུང་བས་འོ་ཅག་གི་དགོན་པ་མི་ཟིན།  གདན་ས་ཡང་བ་རི་ལོ་ཙཱ་བ་ལ་གཏད་པ་དྲག་ཅེས་པའི་གསུང་དེ་བྱོན་པ་ཡིན་པར་འདུག དེས་ན་ཁོང་གིས་སྐབས་དེར་ཕྱི་ཚུལ་དུ་སྐུ་ན་ཕྲ་བའི་རང་གི་སྲས་དེ་ཉིད་ཡབ་ཀྱི་ཁྲི་ཐོག་ཏུ་བཞག་སྟེ་གདན་ས་པར་དབང་བསྐུར་ཅིང་རྒྱབ་ནས་ཐབས་ཇུས་ཀྱི་འཁོར་ལོ་ཡོངས་རྫོགས་རང་གིས་བསྐོར་ཏེ།  མངའ་འབངས་རྣམས་ཀྱི་གཉའ་ཐོག་ནས་རྒྱས་སྤྲོས་ལྡན་པའི་འཚོ་བ་ཞིག་རོལ་ཆོག་ལ།   སྐྱེ་བོ་ཕལ་པ་ཞིག་གིས་བསམ་ཕྱོགས་ལྟར་ན་གདན་ས་མི་གཞན་ལ་གཏད་ན་རང་ཉིད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་བ་དང་།  སླར་ཚུར་མི་ལོན་པ་སོགས་ཀྱི་ཉེན་ཁ་ཆེ་བ་དྲན་སྲིད་མོད།  ཁོང་ལ་དེ་ལྟ་བུའི་དགོངས་ཚུལ་ཡེ་ནས་མེད་པར་རང་གིས་སྲས་དེ་ཉིད་སྐུ་ན་ཕྲ་བའི་རྐྱེན་གྱིས་གདན་ས་མི་ཟིན་པས།  བ་རི་ལོ་ཙཱ་བ་ལ་གདན་ས་གཏད་རྒྱུའི་དགོངས་བཞེད་འཁྲུངས་པ་ནི་ཅི་འདྲའི་ངོ་མཚར་ཅན་གྱི་རྣམ་ཐར་ཞིག་རེད་ཨང་།  དེའི་ཐོག་ནས་ཁོང་གིས་བླ་མའི་གདན་ས་འཛིན་པ་ལ་ཐོས་བསམ་སྒོམ་གསུམ་གྱི་ལག་རྗེས་ལས་བྱུང་བའི་ཆོས་ལུགས་ཀྱི་ཤེས་ཡོན་ངེས་ཅན་ཞིག་ལྡན་དགོས་པ་ལས་བླ་མའི་ཁྲི་ཐོག་ཏུ་བསྡད་ན་གཞན་གྱིས་དངོས་དངོས་རྗེན་རྗེན་གྱིས་བསམ་འཆར་སྟོན་མཁན་མེད་པ་ཙམ་གྱིས་མི་ཆོག་པའི་གནས་ལུགས་དེ་གསལ་པོར་མཁྱེན་ཡོད་པ་མཐོང་ཐུབ་པར་མ་ཟད།  ད་དུང་དེ་ལས་གཞན་པའི་དགོངས་ཚུལ་ཞིག་ཀྱང་མངོན་ཐུབ་སྟེ།  ལུགས་མཐུན་གྱི་འགྲོ་ཕྱོགས་ལྟར་ན་བླ་མའི་གདན་ས་བཟུང་ནས་བྱ་བའི་གཙོ་བོར་གདན་ས་འདི་ཉིད་དུ་གནས་པའི་སློབ་མ་རྣམས་བསྐྱང་དགོས་པ་ཡིན་ལ་དེའི་ཆ་རྐྱེན་དུ་སློབ་མ་རྣམས་ལས་ལྷག་པའི་ཤེས་ཡོན་གྱི་ཆུ་ཚད་ཞིག་ལྡན་དགོས་པས་སྐབས་དེ་དུས་ན་བླ་མ་ས་སྐྱ་པ་ཆེན་པོ་ཉིད་སྐུ་ན་ཕྲ་བའི་དབང་གིས་ཤེས་ཡོན་གྱི་ན་ཚོད་མ་སྨིན་པ་དང་།  སློབ་གཉེར་གྱི་དུས་ཡུན་ཡང་ཐུང་ངུ་ཞིག་ལས་སོང་མེད་པས་རང་ཉིད་སློབ་གཉེར་བྱེད་པའི་སྐབས་སུ་བབས་པ་ལས་གཞན་ལ་སློབ་སྟོན་བྱེད་པའི་སྐབས་སུ་བབ་མེད་པར་དགོངས་པ་ཡིན་ཚོད་དུ་འདུག་ཅིང་།   འདིས་ནི་ཁོང་གིས་སྐབས་དེར་གདན་ས་དེ་ཉིད་དུ་མང་ཉུང་ལ་མ་ལྟོས་པའི་སློབ་གཉེར་བྱེད་མཁན་གྱི་སྡེ་ཞིག་ཡོད་ངེས་པས་དེ་དག་གི་གནས་བབ་ལ་ཡང་དགོངས་བཞེས་ནན་ཏན་མཛད་ཡོད་པ་མཚོན་ཐུབ།  ཚུལ་དེ་ལྟ་བུ་ནི་རབ་ཏུ་བྱུང་གི་ཆས་སུ་ཞུགས་ནས་དམ་ཆོས་ཀྱིས་རྣ་བ་ཡུན་རིང་འཚོས་པ་དག་གི་ཁྲོད་ན་ཡང་ལག་ཏུ་ལེན་མི་ཐུབ་མཁན་ཉུང་ཉུང་མ་ཡིན་པས་ཕར་བལྟས་ཚོད་ལ་ཁྱིམ་སྐྱོང་གི་ལས་སུ་གཞོལ་བའི་སྐྱེས་མ་ཞིག་གིས་དེ་ལྟར་མཛད་ཐུབ་པ་ནི་ཤིན་ཏུ་བསྔགས་པར་འོས་པའི་གནས་ཡིན་ནོ། །

གཉིས།   ཡང་དག་པའི་ལམ་སྟོན། ཡང་ཁོང་གི་ཞལ་ནས་ཉིད་ཀྱི་ཡབ་ཀྱང་ལོ་ཙཱ་བ་དང་འབྲེལ་བ་ཤིན་ཏུ་ཆེ་ཞིང་ཆོས་འདི་རྫུན་ཆུང་ཟེར་ནས་མཉེས་ཏེ།  ཡབ་ཀྱི་སློབ་དཔོན་ཡང་ལོ་ཙཱ་བ་ཡིན་པས་ཉིད་ཀྱང་ལོ་ཙཱ་བ་ཞིག་ལ་ཆོས་སློབ་དགོས་ཞེས་གསུངས་པ་དེས།  སྐབས་དེར་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་ཏེ་དུས་ཡུན་རིང་པོ་མ་ལོན་པས་ནང་ཆོས་ལ་གོ་རྟོགས་གཏིང་ཟབ་ཡོད་མཁན་ཉུང་བ་སོགས་ཕྱི་ནང་གི་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཆོས་ལོག་འགའ་ཞིག་དར་བཞིན་པ་དང་།   དེའི་གོང་ཙམ་ནས་གསང་སྔགས་ལ་འཆོལ་བར་སྤྱོད་པ་མང་པོ་ཞིག་བྱུང་བ་དེའི་ལྷག་མ་ཙམ་ད་དུང་ལུས་ཡོད་པར་སྣང་བས་དེར་བརྟེན་འཁོན་དཀོན་མཆོག་རྒྱལ་པོ་མཆོག་གིས་ཀྱང་ཁྱི་དང་གློ་བ་ཕྲད་པ་བཞིན་ཆོས་སུ་གྲགས་པ་ཡོད་ཚད་བབ་ཅོལ་ངང་དང་ལེན་མི་གནང་བར་གཙོ་བོར་ལོ་ཙཱ་བ་ཚད་ལྡན་རྣམས་ལས་མདོ་སྔགས་ཀྱི་ཆོས་རྣམས་གསན་བཞེས་མཛད་ཀྱི་ཡོད་པ་དང་།  དེའི་རྒྱུ་མཚན་ཡང་ལོ་ཙཱ་བ་དག་གིས་འཕགས་ཡུལ་གྱི་པཎྚི་རྣམས་ལས་ཆོས་ཐད་ཀར་གསན་པས་ན་ཆོས་ཁུངས་བཙུན་པར་བརྩི་བ་ནི་དུས་དེ་ཙམ་ཞིག་ལ་བྱུང་བའི་བོད་ཀྱི་མཁས་པ་ཚོས་དཔྱད་ཞིབ་དང་ཉམས་མྱོང་གི་ལམ་ནས་བཞག་པའི་སྔོམ་ཚིག་གཅིག་ཏེ།  རྒྱ་ནག་གིས་མདོ་བརྩམས།  བོད་ཀྱིས་རྒྱུད་བརྩམས།  རྒྱ་གར་གྱིས་བསྟན་བཅོས་བརྩམས་ཞེས་པ་དེ་ལས་གསལ་པོར་རྟོགས་ཐུབ།  དེ་བཞིན་ནང་པའི་ཆོས་གཞུང་རྣམས་ལམ་གྱི་རྩ་བ་བཤེས་གཉེན་ཡིན་པར་གསུངས་ཤིང་།  བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་དུ་ཡང་ཐོག་མར་བླ་མ་བརྟག་ལ་མཁས་པ།   བར་དུ་བླ་མ་བསྟེན་ལ་མཁས་པ།  ཐ་མར་བཀའ་བཞིན་སྒྲུབ་ལ་མཁས་པ་ཞེས་གྲགས་པར་མ་ཟད།  དཔོན་སློབ་ཕན་ཚུན་བརྟག་དཔྱད་བྱེད་ཚུལ་གྱི་ཐབས་ལམ་ཡང་ལམ་རིམ་གྱི་གཞུང་ལུགས་ཁག་ན་རྒྱས་ཤིང་རྒྱས་པ་བསྟན་ཡོད།  འོན་ཀྱང་དེང་སང་ཆོས་ཆོས་བཞིན་དུ་མི་བྱེད་མཁན་འགའ་ཞིག་གིས་བླ་མ་བསྟེན་སྐབས་བླ་མ་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོད་མེད་དང་།  རང་ལ་དད་པ་དག་སྣང་ཡོད་མེད་སོགས་མི་ལྟ་བར་ཆོས་བརྒྱད་ཀྱི་ངོ་སོ་སུ་ཆེ་ལ་ལྟ་ཞིང་།  ཆོས་ལ་ཡང་བཟང་ངན་དང་ཆོས་དེ་ཞུས་རྗེས་ཕན་གནོད་གང་ཡོང་སོགས་ལ་རྟོག་དཔྱོད་ཡེ་ནས་མི་བྱེད་པར་དབང་ལུང་ཁྲིད་གསུམ་གནང་ཚད་ཞུ་གང་ཐུབ་བྱས།  མཐར་གང་ཐོབ་པའི་ཆོས་རྣམས་ཉམས་སུ་ལེན་པ་མི་བརྩོན་པར་མ་ཟད།  དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་མི་ནུས་པའི་ཁར་བླ་མའི་སྐྱོན་མཚང་འབྲུ་བ་ཡང་ངོ་མཚར་དུ་འཛིན་པ་སོགས་རང་གཞན་གཉིས་ཕུང་གི་ལས་ངན་ཚབ་པོ་ཆེར་སྤྱོད་པའི་ངང་ནས་མི་ཚེ་ཆུད་ཟོས་སུ་གཏོང་བ་ནི་རྩ་བའི་རྨང་གཞི་བཤེས་གཉེན་བསྟེན་ཚུལ་ནས་འཆུགས་པས་ལན་པ་ཡིན།  དེར་བརྟེན་ཡུམ་ཆེན་ཁོང་གིས་བཤེས་གཉེན་ནི་དེད་དཔོན་དང་འདྲ་བས་གལ་ཏེ་དེད་དཔོན་དེས་ཡང་དག་པའི་ཁ་ཕྱོགས་ཞིག་ལ་ཁྲིད་ན་མངོན་པར་འདོད་པའི་དོན་རྣམས་བདེ་བླག་ཏུ་འགྲུབ་པ་དང་།  ཡང་ལོག་ལམ་ཞིག་ལ་འཁྲིད་ན་དེ་ལས་ཟློག་ཏེ་མི་འདོད་པ་མང་པོ་ཞིག་ཐོག་ཏུ་བབ་ངེས་ཡིན་པ་གསལ་པོར་དགོངས་ཡོད་ལ།  སློབ་གཉེར་ནི་གོ་མེད་ཚོར་མེད་དུ་བརྒྱུད་དགོས་པའི་མི་ཚེའི་ཁྲལ་ལས་ཤིག་དང་།  ཡང་ན་ཆོ་ལོ་མཐོན་པོ་ཞིག་ལོན་པར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཙམ་མ་ཡིན་པར་སློབ་གཉེར་ལ་བརྟེན་ནས་བསམ་སྦྱོར་གཉིས་ལ་ཡང་དག་པའི་ཁ་ཕྱོགས་ཤིག་འཚོལ་དགོས་པ་གསལ་པོར་མཁྱེན་ཏེ།  རང་གིས་སྲས་ལ་ཡབ་ཀྱི་རྣམ་ཐར་གྱི་རྗེས་སུ་འབྲངས་ཏེ་ལོ་ཙཱ་བའི་མདུན་ནས་གསན་བསམ་གནང་དགོས་པའི་དགོངས་ཚུལ་བཏོན་པ་ཡིན་ལ།  དེས་ནི་ཁོང་ཉིད་ནང་ཆོས་ལ་རྨོངས་དད་ཙམ་ཡོད་མཁན་གྱི་མ་ཡུམ་ཕལ་པ་ཞིག་མ་ཡིན་པར་ནང་ཆོས་ཞེས་པ་དེ་ཇི་འདྲ་ཞིག་ཡིན་མིན་དང་།  དེ་ལ་བརྟེན་ནས་དགོས་པ་ཅི་ཞིག་སྒྲུབ་དགོས་ཚུལ་སོགས་གསལ་པོར་མཁྱེན་ཡོད་རྟོགས་ཐུབ།  བླ་མ་སྐྱ་པ་ཆེན་པོས་ཀྱང་ཡུམ་ཆེན་གྱི་བཀའ་བཞིན་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་དང་།  མར་པ་ལོ་ཙཱ་བ་བློ་གྲོས་བརྟན་པ་གཉིས་ལས་དངོས་སུ་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་ཞིག་གསན་བསམ་ཚུལ་བཞིན་དུ་མཛད་པ་དང་།  ལོ་ཆེན་རིན་ཆེན་བཟང་པོ་དང་།  འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་གཉིས་ལས་བརྒྱུད་པའི་བཀའ་བབ་མི་ཉུང་བ་ཞིག་ཀྱང་གསན་བཞེས་ལེགས་པར་མཛད་དེ་ལོ་ཙཱ་བ་རྣམ་བཞིའི་ཆོས་རྒྱུད་དུ་གྲགས་པའི་རྗེ་བཙུན་ས་སྐྱ་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་སྲོལ་བཏོད་ཅིང་།   ཁྱད་པར་དུ་ཟབ་ཆོས་ཀུན་གྱི་སྙིང་པོ་གསང་ཆེན་དགྱེས་པ་རྡོ་རྗེའི་གཉིས་མེད་རྒྱུད་ལས་བསྟན་པའི་ལམ་གྱི་རིམ་པ་མཐའ་དག་མ་ཚང་བ་མེད་པ།  སྐྱེ་བ་གཅིག་གི་རྟེན་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པའི་མྱུར་ལམ།  ཆེ་བ་བཅུ་གཅིག་གི་བདག་ཉིད་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འདི་ཉིད་ལ་ལོ་ཆེན་འབྲོག་མི་ནས་བརྒྱུད་པའི་གཞུང་བཤད་དང་མན་ངག་གི་ལུགས་གཉིས་ཡོད་པ་མཐའ་དག་བདག་གིར་མཛད་དེ་གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་ཉི་ཤར་ཇི་བཞིན་གསལ་བར་མཛད་པ་ཡིན་ནོ། །

གསུམ།   ཐབས་མཁས་ཀྱི་བྱམས་སྐྱོང་། ཆོས་དང་འཇིག་རྟེན་གཉིས་ཀར་བུ་གཅིག་པའི་མ་ལྟ་བུ་ཞེས་བརྩེ་བ་དང་བྱམས་སྐྱོང་ཚད་མཐོ་ཤོས་ཀྱི་དཔེ་རུ་འདྲེན་པ་ལྟར་བླ་མ་ས་སྐྱ་པ་ཆེན་པོའི་མ་ཡུམ་ལ་ཡང་སྲས་ཁོང་ཉིད་ལས་མེད་པས་ཐུགས་བརྩེ་འགྲན་ཟླ་བྲལ་བ་ཞིག་ཡོད་པ་སྨྲོས་མེད་ཡིན་ཀྱང་།  ཁོང་གིས་བྱམས་སྐྱོངས་གནང་སྟངས་ནི་མིག་རྒྱང་ཧ་ཅང་ཐུང་བའི་ཕ་མ་རྣམས་ཀྱིས་ལས་ཚུལ་ལྟར་བུ་ཕྲུག་ལ་ཟས་གང་ཞིམ་སྟེར།  གོས་གང་བཟང་གཡོགས།  ནོར་འཁྲུལ་ཤོར་ཡང་སྐྱོན་བརྗོད་མི་བྱེད།  ཤེས་ཡོན་སྦྱོང་བའི་སྐུལ་མ་མི་གཏོང་།  ལུགས་མཐུན་གྱི་བྱ་བ་ཆུང་ཚེགས་ནས་ལས་སུ་བཅུག་ཏེ་མི་ཚེའི་འགྲོ་ལམ་ཐོག་རང་ཚུགས་ཐུབ་པའི་ངང་བསྐྱོད་ཐུབ་པའི་ཉམས་མྱོང་སྤྲོད་པ་སོགས་གང་ཡང་མི་བྱེད་པར་བལྟས་བལྟས་རིག་རིག་ལ་གཅེས་ལང་དུ་བཏང་།  མཐར་རླབས་ཆེན་གྱི་བྱ་བཞག་སྒྲུབ་ཐུབ་པའི་མི་སྣ་འཇོན་ཐང་ཅན་ཞིག་ཡོང་རྒྱུ་ལྟ་ཅི་རང་ཁ་རང་གསོ་ཐུབ་པ་ཡང་དཀའ་བའི་ཚད་དུ་ལྷུང་བ་ཞིག་བཟོ་མཁན་རྣམས་དང་མི་འདྲ་བར་རྣམ་དཔྱོད་དང་ལྡན་པའི་ཕྱག་ལས་འདི་ལྟར་མཛད་ཡོད་དེ།   གདུང་རབས་ངོ་མཚར་བང་མཛོད་ལས།  དེ་ནས་དགུང་ལོ་བཅུ་གཉིས་བཞེས་པའི་དུས་སུ་ད་ཇོ་སྲས་འདི་སློབ་གཉེར་ཅིག་ལ་གཏོང་དགོས་པས་གང་དུ་བཏང་བ་དྲག་གྲོས་བྱས་པས།  ཆོས་ཀྱི་བཤད་གཞི་ཆེ་བར་འདུག་པས་མངོན་པ་གཅིག་སློབ་ཏུ་བཏང་བ་དྲག་ཟེར་ཏེ།  རོང་ངུར་སྨྲིག་ཏུ་བྱོན་པས་བྲང་ཏི་པའི་གྲྭ་པ་རྣམས་རྫོགས་ནས་བྲང་ཁང་མེད་པས།  སྲང་ཁ་ཕུག་རྡུགས་ཅིག་ཏུ་ཆར་པའི་ཡོལ་བས་བཅད་ནས་བཞུགས་[5]ཞེས་བྱུང་བ་ལྟར།  བླ་མ་ས་སྐྱ་པ་ཆེན་པོ་ཁོང་སྐབས་དེར་དགུང་ལོ་བཅུ་གཉིས་ལས་སོན་མེད་པས་སྤྱིར་བཏང་ཁྱིམ་ཚང་ཕལ་པ་ཞིག་གི་ཕྲུ་གུ་ཡིན་ཡང་རང་ཡུལ་དང་བར་ཐག་རིང་བའི་རྒྱུས་མེད་ཀྱི་ལུང་པ་ཞིག་ལ་གཅིག་པུར་སློབ་གཉེར་དུ་གཏོང་མི་སྲིད་ལ།  དེ་བས་ཁོང་ནི་གནས་བབ་མཐོ་བའི་བླ་ཆེན་ཞིག་གི་ཇོ་སྲས་ཡིན་པར་མ་ཟད།  ས་གནས་རང་ཐོག་ན་བ་རི་ལོ་ཙཱ་བ་ལྟ་བུའི་བཤེས་གཉེན་ཆེན་པོ་ཞིག་ཞལ་བཞུགས་ཡོད་པས་ཡུལ་གཞན་ལ་སློབ་གཉེར་དུ་མ་ཕེབས་ན་ཡང་ཐབས་མི་ཆགས་ཤིང་། ཅི་སྟེ་ཕེབས་དགོས་ཀྱང་མཐུན་རྐྱེན་འཛོམས་སའི་ཆོས་གྲྭ་ཞིག་ཏུ་འཁོར་གཡོག་གི་ཚོགས་དང་བཅས་ཏེ་བཏང་ན་ཆོག་མོད།  དེ་ལས་ལྡོག་སྟེ་སྐུ་ན་ཧ་ཅང་ཕྲ་བའི་སྲས་ཆུང་ཞིག་རྒྱང་རིང་གི་ཡུལ་དུ་གྲོགས་མེད་ཁེར་རྐྱང་ངང་སློབ་གཉེར་ལ་མངགས་ཕོད་པ་དེའི་རྒྱབ་ལྗོངས་ན་གཟིགས་རྒྱང་རིང་བའི་རླབས་ཆེན་གྱི་དགོངས་བཞེད་ཅིག་ཡོད་ངེས་པ་ནི།  རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱི་ཞལ་སྔ་ནས། དགྲ་ཡི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །གཉེན་གྱི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །[6]ཞེས་གསུངས་པ་ལྟར།  ཆོས་པ་ཞིག་གིས་ངོས་ནས་ཕ་ཡུལ་ནི་ཆོས་ཀྱི་བར་ཆད་དུ་གྱུར་པའི་ཟང་ཟིང་གི་ཀུན་སློང་དང་།  བྱ་བ་མང་པོ་ཞིག་རང་དབང་མེད་པར་འབྱུང་བའི་གནས་ཡིན་པ་དང་།  དོན་གནད་གང་ཞིག་འཕྲད་ཀྱང་གཡས་སྐྱོར་གཡོན་སྐྱོར་བྱེད་མཁན་གྱི་གཉེན་ཉེ་མང་བའི་དབང་གིས་དཀའ་སྡུག་ལ་གདོང་ལེན་བྱེད་པའི་སྙིང་སྟོབས་སྐྱེད་བསྲིངས་དཀའ་བ་སོགས་སྐྱོན་ཧ་ཅང་ཆ་མང་བ་དང་།  ཆུང་དུས་ནས་བྱ་བ་ཐམས་ཅད་གཞན་གྱི་མཛུབ་སྟོན་ཁོ་ན་ལ་བརྟེན་མི་དགོས་པར་རང་ལ་བསམ་གཞིག་དང་ཐག་གཅོད་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཏེ་རང་ཚུགས་བརྟན་པོ་ཆགས་པའི་རྨང་གཞི་འཛུགས་རྒྱུ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་གསོ་སྐྱོང་བྱེད་པའི་ཐོག་མའི་ཁ་ཕྱོགས་དེ་ཡིན་པས་སོ། །ཡང་བླ་མ་ས་སྐྱ་པ་ཆེན་པོ་ཁོང་ཐོག་མར་རོང་ངུར་སྨྲིག་ཏུ་བྲང་ཏི་དར་མ་སྙིང་པོའི་སྐུ་མདུན་དུ་མངོན་པ་གསན་ལ་ཕེབས་སྐབས་གཟིམས་ཁང་མ་རྙེད་པས་སྲང་བར་ཞིག་ལ་ཡོལ་བས་བཀབ་ནས་བཞུགས་པའི་ཚེ།  ཁོང་གི་ཁྱིམ་མཚེས་ན་ཡར་འབྲོག་ཁོབ་ལེ་བའི་གྲྭ་བ་ཞིག་ཡོད་པ་དེ་འབྲུམ་བུ་སྨེ་བ་ནག་པོ་བྱུང་ཡང་ནད་གཡོག་མེད་པ་ལ།  ཁོང་གིས་ནད་གཡོག་མཛད་པས་གྲྭ་པ་དེ་ནད་ལས་གྲོལ་ཡང་ཁོང་རང་ཉིད་ལ་ནད་དེ་འགོས་པས་ས་སྐྱར་བང་ཆེན་བསླེབས་ནས་ཁོང་སྙུང་བའི་ཚུལ་དེ་ཡུམ་གྱི་སྙན་དུ་གསོལ་བའི་ཚེ།  ཁོང་གིས་ཇི་ལྟར་མཛད་པའི་ཚུལ་གདུང་རབས་ངོ་མཚར་བང་མཛོད་ལས།  མ་ཅིག་གིས་ཀུན་དགའ་སྙིང་པོ་མ་ཤི་ན་རུང་།  ཤི་ན་ང་ལའང་ས་སྐྱར་འཁོར་རྒྱུ་མེད་བསམས་ནས་ཚོང་འཕྲུལ་བྱས་ཏེ་གསེར་ལ་སོགས་མང་པོ་ཁྱེར་ནས་བྱོན་པས་ཡུམ་སྲས་མཇལ་དུས་བླ་མ་འདི་སྐུ་ན་གཞོན་པ་དང་།  ཐག་རིང་དུ་བསྙུང་བའི་སྟབས་ནས་ཡུམ་གྱི་དྲུང་དུ་བཤུམ་པས།  ཡུམ་ན་རེ།  ཕ་ཇོ་སྲས་ཀྱི་བུ་བྱ་བ་ལ་སྙིང་རུས་དགོས་པ་ཡིན། སྙིང་རུས་ཀྱི་ཚུགས་དང་།[7]ཞེས་གསུངས་པ་སོགས་བྱུང་བ་ལྟར།  དེས་ན་སྐུ་ན་ཤིན་ཏུ་ཕྲ་བའི་སྲས་ཆུང་ཞིག་ཕ་ཡུལ་དང་།  གཉེན་ཉེ།  ལྷག་པར་དུ་ཆེས་སྙིང་ཉེ་བའི་མ་ཡུམ་དང་ཞལ་གྱེས་ཏེ་ཁེར་རྐྱང་ངང་གཞན་ཡུལ་འགྲིམ་དུས་སྐྱོ་གདུང་གི་ཐུགས་སྣང་ཆེན་པོ་ཞིག་ཡོང་སྲིད་པས་ཡུམ་ཆེན་གྱི་ཞལ་རས་མཇལ་མ་ཐག་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་མ་བཟོད་པར་སྤྱན་ཆབ་ཤོར་བ་ནི་ཐུགས་ཁག་ལར་ནས་མེད་པ་ཞིག་ཡིན།   བློ་རྒྱ་ཆུང་བའི་ཨ་མ་ཞིག་ཡིན་ན་སྐབས་དེར་ངའི་བུ་སྙིང་རྗེ་ཟེར་བ་སོགས་ཀྱི་སྨྲེ་ངག་དང་མིག་ཆུ་མཉམ་དུ་འདོན་ངེས་ཤིང་།    ཡུམ་ཆེན་ཁོང་ལ་ཡང་དེའི་ཚེ་བཟོད་དཀའ་བའི་སྐྱོ་གདུང་དང་།  ཚད་མེད་པའི་བྱམས་སེམས་ཤིག་འཁྲུངས་ཡོད་པ་སྨྲོས་མི་དགོས་ཀྱང་རྣམ་འགྱུར་དེ་ཕྱི་རུ་མ་བསྟན་པར་ཕ་ཇོ་སྲས་ཀྱི་བུ་བྱ་བ་ལ་སྙིང་རུས་དགོས་པ་ཡིན་ཞེས་པའི་སྒམ་ཚུགས་ལྡན་པའི་གསུང་ཞིག་བྱོན་པ་དེས་ཁོང་ནི་བསམ་བློའི་སློབ་གསོ་གཏོང་བའི་ཐབས་ལ་ཤིན་ཏུ་མཁས་པའི་ངོས་དེ་གསལ་པོར་བསྟན་འདུག   གཞན་ཡང་ཕ་ཇོ་སྲས་ཀྱི་བུ་ལ་སྙིང་རུས་དགོས་པ་ཡིན་ཞེས་པའི་བཀའ་མོལ་ཐུང་ཐུང་དེས་གནས་ལུགས་ཆེན་པོ་ཞིག་བསྟན་ཡོད་དེ།  བོད་ཀྱི་གཏམ་དཔེར།  མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་དང་།  དཔྱིད་ཉི་རིང་མོ་གྲང་གསུམ་དྲོ་གསུམ། །ཞེས་གྲགས་པ་ལྟར་མི་ཞིག་གི་མི་ཚེའི་བརྒྱུད་རིམ་ནང་སྐྱིད་སྡུག་སྣ་ཚོགས་འཕྲད་སྲིད་པ་ནི་གཡོལ་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་པས་གལ་ཏེ་དཀའ་སྡུག་འཕྲད་པའི་སྐབས་སུ་ཁྱད་གསོད་བྱེད་པའི་སྙིང་སྟོབས་མེད་ན་བྱ་བཞག་གང་འདྲ་ཞིག་གི་སྣེ་མོར་ཞུགས་ཀྱང་ལེགས་གྲུབ་ཡོང་བ་ཧ་ཅང་ཁག་པོ་ཡིན་པ་མ་ཟད།  ལྷག་པར་དུ་བླ་མ་ས་སྐྱ་པ་ཆེན་པོ་ཁོང་ནི་གནས་བབ་མཐོ་བའི་བླ་ཆེན་ཞིག་གི་ཇོ་སྲས་ཡིན་པའི་ཆ་ནས་སྐབས་དེའི་བོད་ཀྱི་ཡུལ་ཆོས་དང་བསྟུན་ན་མ་འོངས་པར་བླ་མའི་གདན་ས་སྐྱོང་བའི་འོས་བབ་གཞན་ལས་ཆེ་བ་ཡིན་ལ།   བླ་མའི་གདན་ས་སྐྱོང་ལུགས་དེ་ཡང་འཇིག་རྟེན་པ་རྣམས་ཀྱིས་ཕ་ཤུལ་བུ་འཛིན་བྱེད་པའི་ཚུལ་ལྟར་མ་ཡིན་པར་ཐོས་བསམ་སྒོམ་གསུམ་གྱི་བརྒྱུད་རིམ་ཚང་ལ་མ་ནོར་བ་ཞིག་གིས་རང་བློ་སྨིན་པར་བྱས་ཐོག འཆད་ཉན་གྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པ་སོགས་བསྟན་འགྲོར་སྨན་པའི་བྱ་བ་རྒྱ་ཆེན་པོ་ཞིག་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་འབད་དེ་བླ་མའི་འཕྲིན་ལས་ཀྱི་རྒྱུན་བསྐྱང་དགོས་པས།  དེ་ནི་མི་གཅིག་གམ་དུད་ཚང་གཅིག་གི་འཚོ་གནས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ལྟར་ལས་སླ་པོ་ཞིག་མ་ཡིན་པར།  དཀའ་རྙོག་བསམ་བརྗོད་ལས་འདས་པ་འཕྲད་ངེས་པས་སྤྱིར་བཏང་གི་མི་ལས་ལྷག་པའི་སྙིང་སྟོབས་ཤིག་ཡོད་དགོས་པ་སྨྲོས་མེད་ཡིན་པ་དང་།   ཅི་ཙམ་གྱིས་རླབས་ཆེ་བའི་བྱ་བ་ཞིག་བསྒྲུབ་དགོས་ན་དེ་ཙམ་གྱིས་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་ཤིག་ཡོད་དགོས་པ་ནི་ཟློག་ཏུ་མེད་པའི་རྟེན་འབྲེལ་གྱི་ཆོས་ཉིད་ཅིག་ཡིན་པ་དེའོ། །དེས་ན་དཀྱེལ་ཡངས་ཀྱི་དགོངས་པ་མངའ་བའི་མ་ཡུམ་ཞིག་གི་ལམ་སྟོན་དེ་ལྟ་བུ་ཡོད་པར་བརྟེན།  བླ་མ་ས་སྐྱ་པ་ཆེན་པོ་ཁོང་གིས་དགུང་ལོ་བཅུ་གཉིས་ནས་བཟུང་ཆ་མེད་རྒྱུས་མེད་ཀྱི་གཞན་ཡུལ་དུ་བཟོད་དཀའ་བའི་སྐུ་ལས་སྣ་ཚོགས་ཁྱད་བསད་མཛད་དེ་ཚད་ལྡན་གྱི་བླ་མ་དུ་མའི་ཞབས་པད་ཚུལ་བཞིན་དུ་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད་པས་མདོ་སྔགས་རིག་གནས་དང་བཅས་པར་མི་འཇིགས་པའི་སྤོབས་པ་མཆོག་ཏུ་བརྙེས་པར་མ་ཟད།  ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་ལ་གཡོ་མེད་དུ་གཞོལ་བས་ཉམས་རྟོགས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ཐུགས་ལ་འཁྲུངས་ཏེ།  བཤད་སྒྲུབ་ཟུང་འཇུག་གི་བསྟན་པ་ཡོངས་སུ་རྫོགས་པའི་ཆོས་རྒྱུད་ཆེན་པོ་ཞིག་གི་སྲོལ་གཏོད་པ་པོར་གྱུར་པ་ལོ་རྒྱུས་ཀྱི་དེབ་ཐེར་ངོས་སུ་ཁྲ་ལམ་མེར་གསལ་བ་འདི་ཉིད་ཡིན་པས་ཡུམ་ཆེན་ཁོང་ནི་བོད་གངས་ཅན་ལྗོངས་དང་ཡང་སྒོས་རྗེ་བཙུན་ས་སྐྱ་པའི་བསྟན་ཞབས་སུ་ཚུད་པ་རྣམས་ལ་བཀའ་དྲིན་ཤིན་ཏུ་ལྕི་བ་སྨྲོས་མི་དགོས་པ་ཡིན་ནོ། །

གསུམ་པ།  བཀའ་དྲིན་གསོ་ཚུལ།

རླབས་ཆེན་གྱི་མ་ཡུམ་ཁོང་གི་ཚད་མེད་བཀའ་དྲིན་ལ་ལོངས་སུ་སྤྱོད་པའི་སྐལ་བ་ལྡན་པ་དག་གིས་རང་ནུས་གང་ཡོད་ཀྱི་བཀའ་དྲིན་གསོ་བའི་ཐབས་ལ་བརྩོན་པ་ནི་ལུགས་གཉིས་གང་ཐད་ནས་ཡ་རབས་ཀྱི་སྲོལ་དང་མཐུན་པའི་བྱ་བ་ཞིག་ཡིན་གཤིས།  བཀའ་དྲིན་ཇི་ལྟར་གསོ་བའི་ཚུལ་ནི་སྐྱེས་མ་ཁོང་གིས་ཡམ་ཡུམ་གཅིག་ལྕོགས་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་ཏེ་སྐུ་ན་ཤིན་ཏུ་ཕྲ་བའི་སྲས་ཆུང་ཁོང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཞིག་མ་ཆགས་བར་དུ་འོ་རྒྱལ་ཆེན་པོས་གསོ་སྐྱོང་མཛད་སྐབས།  ཐུགས་ལ་ཉར་བའི་འདུན་པ་གཙོ་བོ་ནི་ཇོ་སྲས་དེ་ཉིད་མ་འོངས་པར་བླ་མའི་འཕྲིན་ལས་ཀྱི་རྒྱུན་འཛིན་ནུས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་འགྱུར་ཐུབ་རྒྱུ་དེ་ཡིན་པར་སྣང་བས་དེས་ན་ང་ཚོས་ཀྱང་ཁོང་གིས་བཀའ་དྲིན་ལས་འཁྲུངས་པའི་བླ་མ་ས་སྐྱ་པ་ཆེན་པོའི་འཕྲིན་ལས་བཟང་པོ་འདི་ཉིད་མི་ཉམས་གོང་དུ་འཕེལ་བར་བྱེད་པ་དང་།  མ་ཡུམ་ཁོང་གིས་རང་གི་སྲས་ལ་གདམས་པའི་བཀའ་སློབ་གསེར་གྱི་ཡང་ཞུན་དང་འདྲ་བ་རྣམས་མི་ཚེའི་ཁ་ཕྱོགས་འཚོལ་བའི་ལམ་སྟོན་ཞིག་ཏུ་བཟུང་ནས་ཉམས་སུ་ལེན་རྒྱུ་ནི་བཀའ་དྲིན་གསོ་བའི་ཐབས་ལམ་ཕྱིན་ཅི་མ་ལོག་པ་དེ་ཡིན་པར་སེམས་སོ། །



[1]ས་སྐྱའི་གདུང་རབས་འདོད་རྒུའི་རྒྱ་མཚོ།   སྟག་ལོ་ཤེས་རབ་རིན་ཆེན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

[2]ས་སྐྱའི་ཆོས་འབྱུང་གཅེས་བཏུས་དེབ་བཞི་པ་ལས་ངོར་ཆེན་དཀཽན་ལྷུན་གྱི་ཆོས་འབྱུང་རྩོམ་འཕྲོ་ཁ་སྐོང་། མཁན་ཆེན་སངས་རྒྱས་ཕུན་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ༼༣༠༡

[3]ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་དུ་དྲངས་པའི་ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ༼༥༥

[4]ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། ཨ་མྱེས་ཀུན་དགའ་བསོད་ནམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ༼༦༦

[5]ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། ཨ་མྱེས་ཀུན་དགའ་བསོད་ནམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ༼༦༦

[6]རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མ། དངུལ་ཆུ་ཐོགས་མེད་བཟང་པོ།  

[7]ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། ཨ་མྱེས་ཀུན་དགའ་བསོད་ནམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ༼༦༧