浅谈行六度与报众生恩

发布时间: 2018-03-29 09:33:00 来源: 洛桑平措

【内容摘要】行六度与报众生恩都为主题的这篇论文的主旨是:以道德与训诫相结合来引人向善,并由佛陀,诸班智达及大成就者宣讲与著书立宗而形成的佛典及其注疏,包括道次第与法次第为代表的佛教教理虽甚深广博,但究竟核心要义亦可为报答诸有情众生之恩。可如今有许多僧徒的个人不法行为影响佛教,这容易使人误解佛教,因此分辨法与不法势在必行。提升佛教对生命及个人权利给予高度尊重的同时,也应提升相应的义务:即每个人要追求知识,修善行德,尊重善知识,博学古今学问,从而营造言行合一,友善宽容,勤劳勇为的社会气氛,以此既能兴盛佛法,也能使众生得益。

སེམས་ལྡན་ཀུན་ལ་མ་བཅོས་ལྷུན་གྲུབ་ཏུ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྐྱེན་པོ་ཞིག་ལྡན་ཕྱིར། དམའ་རིམ་སྲོག་ཆགས་དག་གིས་རང་རང་རིགས་རྒྱུད་སྲུང་སྐྱོབ་དང་རྒྱུད་སྤེལ་ཐུབ་ཡོད་ལ། མཐོ་རིམ་སྲོག་ཆགས་དག་གིས་རང་བྱུང་ཁམས་ཆེན་པོར་རྒྱུས་ལོན་དང་འཇིགས་སྐྲག་སྣ་ཚོགས་ལ་འགོག་རྒོལ་མཐར་ཕྱིན་བྱས་པའི་བརྒྱུད་རིམ་ཁྲོད། བློ་རིག་ལ་ཐོད་རྒལ་ཆེན་པོ་བྱུང་བས་འགོག་སྲུང་མ་ལག་སྣ་མང་ཞིག་གསར་གཏོད་དང་། འཇིག་རྟེན་ཁམས་ཆེན་པོའི་གསང་བ་དག་སྔོག་འདོན་དང་འགྲེལ་བཤད་བྱེད་ཐུབ་པར་གྱུར་ཡོད།

དེ་དང་མཉམ་དུ་དགའ་སྐྱོ་ཆགས་སྡང་གི་ཚོར་ཤེས་ལ་ཚོད་འཛིན་མ་ཐུབ་པར་རང་ཁེ་གཙོར་འདོན་གྱི་ཧམ་སེམས་ངན་ལང་ལ་ཤོར་ཏེ། དྲང་བདེན་མ་ཡིན་པའི་སྒྲིག་གཞི་དང་། ལུགས་སྲོལ། གཞུང་ལུགས་མང་དག་ཅིག་བཟོ་སྐྲུན་བྱས་པས་རྒྱལ་ཁབ་ཕན་ཚུན་བར་དང་། མི་རིགས། ས་ཁུལ། ཡུལ་ལུང་། ཁྱིམ་ཚང་བཅས་ཀྱི་བར་གཉིས་མེད་གཉིས་རླག་དང་། གཉིས་སྡུག་གཉིས་གྱོང་གི་རྩོད་རྙོག་ཟམ་མི་ཆད་པ་བཟོས་ཡོད། ད་ལྟ་ཚན་རྩལ་དང་། དཔལ་འབྱོར། ཁྲིམས་ལུགས་སོགས་ཐོད་རྒལ་ཆེན་པོ་བྱས་ཡོད་རུང་རྩོད་རྙོག་འདིའི་རིགས་གཙང་སེལ་བྱེད་ཐབས་དཀའ། འོན་ཏེ་གནས་ལུགས་ཀྱིས་ཕྱུག་པའི་ནང་བསྟན་རིགས་གཞུང་གིས་ནུས་པ་ཐོན་སྲིད་དེ། ཆོས་ལུགས་རང་ངོས་ནས་འདི་ཆོག་དང་ཡང་ན་འདི་མི་ཆོག་གིས་ཚད་བཀག་དང་ས་མཚམས་མེད་པར། དེ་ལྟར་བསྒྲུབ་འོས་མིན་དང་རུང་མིན་གྱི་དཔྱད་འཇོག་ལམ་ནས་གནས་ལུགས་ངོ་འཕྲོད་ངེས་བྱས་ཏེ། ཤེས་ལྡན་ཀུན་ལ་གདམ་ག་ཡོད་པའི་གུ་ཡངས་དཀྱེལ་ཆེའི་ལམ་ཆེན་ཞིག་བསྟན་ཡོད་པས་སོ། །

མིའི་རིགས་ལ་གནས་ལུགས་དང་མཐུན་མིན་གྱི་བློ་སྒོ་འབྱེད་རོགས་བྱེད་དགོས་པ་མ་ཟད། མཇུག་མཐར་དེ་ལྟར་བསྒྲུབ་མིན་རང་རང་ལ་བློ་ཐག་བཅད་དུ་བཅུགན་ལྷན་སྐྱེས་ཀྱི་གཤིས་ཀ་དང་ཧ་ཅང་འཕྲོད་ཅིང་། རང་འགུལ་གྱིས་་ཐག་གཅོད་བྱས་པའི་བྱ་བ་ལ་དགའ་གཅེས་དང་།  བརྩི་སྲུང་།  ནན་ཏན།  མཐའ་འཁྱོལ་བཅས་ཡོང་བ་མིག་མཐོང་ལག་ཟིན་ཡིན་ཡང་། ཆོག་མི་ཆོག་གི་བཀའ་ཁྲིམས་འོག་ནས་དགའ་གཅེས་དང་། བརྩི་སྲུང་། ནན་ཏན། མཐའ་འཁྱོལ་བཅས་དེ་ཙམ་ཡོང་དཀའ་བས་ཁྱད་པར་མཆིས།

ནང་བསྟན་ཆོས་གཞུང་འདིར་ཆེ་བ་འཇིག་རྟེན་ཆགས་འཇིག་ནས་ཆུང་བ་རྡུལ་ཕྲན་འཕོ་འགྱུར། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ནས་ན་རག་དམྱལ་བའི་བདེ་སྡུག  དཀར་ནག་ལས་ཀྱི་འཕེན་རྫོགས་སོགས་ཤེས་བྱའི་ཁྱབ་ཁོངས་ཡོངས་ལ་འགྲེལ་བརྗོད་བྱེད་དགོས་པས་བརྗོད་གཞིའི་གཞི་རྒྱ་ཧ་ཅང་ཆེ་རུང་། གནད་ཀྱི་རྩ་འགང་ཐོག་གཅིག་ཏུ་བསྡུས་ན། སེམས་ཅན་གཞན་འཕྲལ་ཕུགས་ཀུན་ཏུ་བདེ་འཚམས་ཡོང་ཆེད་སེམས་ཅན་གྱི་བདེ་སྡུག་སྙིང་ལ་བཅངས་ནས་བྱ་བ་གང་ཞིག་བསྒྲུབ་རུང་དངོས་ཤུགས་ཅི་རིགས་ནས་ཉམ་ཐག་སེམས་ཅན་ལ་ཕན་པའི་ཕྱོགས་སུ་གཞོལ་ཅི་ཐུབ་བྱེད་དགོས་པ་ཞིག་ལས་འདའ་ས་མེད་ལ། སྟོན་པ་སངས་རྒྱས་ཁོང་ཐུགས་དགྱེས་པའི་ཐབས་ལམ་ཡང་དེ་ལས་གཞན་མེད་པར་བསྟན་ཡོད།

དེས་ན་ཆོས་ཀྱི་སྙིང་དོན་སེམས་ཅན་གྱི་དྲིན་བཟོ་བ་འདིའི་ནང་མ་འདུས་པ་མེད་པའི་གནད་འདི་དམ་་དུ་བཟུང་ནས་ད་ལྟའི་སྤྱི་ཚོགསཧྲིལ་པོས་རེ་སྨོན་ཆེ་བའི་སྤྱི་ཕན་རོགས་རམ་དང་། ཡ་རབས་སྤྱོད་གཙང་། དྲང་བདེན་ཚིག་བཙུན། འཆམ་མཐུན་བརྟན་ལྷིང་། ཡར་རྒྱས་ཚད་རྒལ། གསར་གཏོད་སྔོན་ཐོན་བཅས་དང་། ནང་བསྟན་ཆོས་གཞུང་དུ་གསལ་བའི་ཕར་ཕྱིན་དྲུག་གི་ཉམས་ལེན་གཉིས་ཕན་ཚུན་མཚུངས་སྡུར་གྱིས་ནང་བསྟན་རང་ངོས་ནས་སྤྱི་ཚོགས་ལ་ཕན་པ་ཅི་ཙམ་ཡོད་མེད་དང་སེམས་ཅན་གྱི་དྲིན་གང་འདྲ་བཟོ་མིན་བཅས་ལ་དཔྱད་པ་འདི་ཞུ་འདོད་སྐྱེས།

སྤྱི་ཕན་རོགས་རམ་ཡང་དག་ཅིག་ཡོང་བར་སྦྱིན་

པའི་ཉམས་ལེན་ལ་རག་ལས། 

  ཟང་ཟིང་གི་སྦྱིན་པའི་ཉམས་ལེན།

བཀྲེས་སྐོམ་གྱིས་མནར་བའི་བྱ་ཁྱི་ལ་ཟས་ལྷག་ཕོར་གང་སྦྱིན་པ། རླངས་འཁོར་ཐོག་འགྲོ་སྐབས་རང་གི་རྐུབ་སྟེགས་ལ་རྒན་གོག་གཞན་བཞུགས་སུ་བཅུག་པ། ཉམ་ཆུང་གི་རྒྱབ་ཏུ་ལངས་ཏེ་དྲང་པོས་གཞུང་སྲོང་བ་ཡན་ཆད། ཤེས་དགོས་ངེས་ཀྱི་ཟང་ཟིང་གི་སྦྱིན་པའི་ཉམས་ལེན་དང་སྤྱི་ཕན་རོགས་རམགྱི་བྱ་བའི་གཞི་རྩ་དང་རིས་མེད་སེམས་ཅན་ལ་དྲིན་བཟོ་བའི་རྨང་གཞི་ཡིན།

   ཆོས་ཀྱི་སྦྱིན་པའི་ཉམས་ལེན།

ལྷད་མེད་སེམས་པ་ཆོས་ལ་དཀར་ཞིང་འདི་ཕྱིའི་རེ་བ་མཆོག་གསུམ་ལ་བཅོལ་མཁན་གྱི་དད་ལྡན་པའི་མདུན་དུ་སླེབས་ཚེ། བློ་གཏད་སར་སྙིང་མ་ཕུག་པར་དམངས་གཙོའི་འགྲོ་སྟངས་རང་གི་ཐོག་ནས་ལམ་རིམ་དང་བློ་སྦྱོང་གི་གོ་རིམ་བཞིན། གདུལ་བྱ་རང་རང་གི་བློ་དང་འཚམ་ཞིང་མྱོང་ཐོག་ལ་འབེབས་ཐུབ་ཚོད་ཀྱི་ནང་བསྟན་གཙང་མ་ཞིག་མས་རིམ་ནས་སྤེལ་བ་ནི། ཆོས་ཀྱི་སྦྱིན་པའི་ཉམས་ལེན་ཡིན་ལ་ནང་ཆོས་ཐོག་ནས་སེམས་ཅན་གྱི་དྲིན་ལན་དུ་མི་མང་ལ་ཞབས་ཕྱི་ཞུ་བའི་མ་མཐའི་ཚད་གཞི་ཡིན།  

ནང་བསྟན་རང་ངོས་ནས་གནས་ལུགས་དང་བདེན་དོན་གཙིགས་ཆེན་ཅི་ཙམ་གནང་རུང་།   འཆད་ཁྲིད་པས་བསྟུན་མཁས་ཁོག་ཡངས་མ་ཐུབ་ཚེ་ཆོས་བྱེད་པའི་ཉེས་པ་དག་ཆོས་རང་སྟེང་དུ་ལྷུང་ནས་ཉ་ཉུང་མཉམ་བསྲེས་ཤོར་ཉེན་ཆེ་བར་སྣང་སྟེ། ཇོ་བོ་རྗེ་བོད་དུ་ཐོག་མར་ཕེབས་སྐབས་ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་ཕུལ་བའི་རེ་ཞུ་འདིས་དྲན་བསྐུལ་ཞིག་བྱས་ན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐརལས། ད་ཇོ་བོ་ཐུགས་རྗེ་ཅན་ཁྱོད་ཀྱིས་བོད་ཀྱི་གདུལ་བྱ་དམུ་རྒོད་ཅན་འདི་རྣམས་ལ་ཆོས་ཟབ་ཟབ་མོ་དང་། མཚར་མཚར་པོ་མི་འཚལ་གྱི་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ། ལྷག་པར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཧྲིལ་གྱིས་དྲིལ་བ་ཉམས་སུ་བླང་བདེ་བ་བོད་སྤྱི་ལ་ཕན་པའི་ཆོས་ཤིག་ཐུགས་རྗེས་འཛིན་པ་ཞུ།  ཞེས་གསུངས། བཀའ་མོལ་འདི་ཡིད་ལ་འཆར་ཐེངས་རེར་བསམ་གཞིག་ནན་ཏན་བྱེད་དགོས་པ་ཞིག་ཡོད་དེ། ལྷ་བླ་མ་ཁུ་དབོནགཉིས་པོས་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཆེད་སྐུ་ངལ་མང་པོ་ཞིག་གནང་དགོས་པའི་རྒྱུ་རྐྱེན་དང་། མཇལ་འཕྲད་ཐོག་མར་གནང་སྐབས་རེ་སྐུལ་འདི་ལྟར་བྱེད་དོན་ཡང་། སྐབས་དེར་གསེར་གྱི་ཆེད་དུ་ཆོས་ཁ་ལ་འཁྱེར་མཁན་རྒྱ་གར་གྱི་ཨཱ་ཙརྱ་མང་པོ་ཞིག་བོད་དུ་སླེབས་པ་དང་། ཡང་སྦྱོར་སྒྲོལ་བྱེད་མཁན་ཡིན་ཟེར་བ་སོགས་འདྲ་མིན་མང་པོ་ཞིག་བྱུང་པའི་གཡོ་འོག་ཏུ་བོད་རྣམས་མགོ་རྨོངས་པར་གྱུར་ནས་དཀའ་རྙོག་མང་པོ་ཞིག་བཟོས་ཡོད་པས་སོ། །དེ་དག་ནི་ཆོས་རང་སྟེང་གི་ཉེས་པ་མ་ཡིན་པར་ཆོས་འཆད་ཁྲིད་པས་བཟོས་པའི་དཀའ་རྙོག་ཤ་སྟག་རེད།

དེང་སང་གི་སྤྱི་ཚོགས་ནང་དུ་ཆོས་ཀྱི་བཟང་ཆ་ཁ་ལ་ཁྱེར་ཏེ་ཆོས་ཚོང་རྒྱག་མཁན་ཧ་ཅང་མང་ལ། དེ་དག་གིས་བསགས་པའི་ཉེས་པ་ཀུན་ནང་ཆོས་རང་སྟེང་གི་ཉེས་པ་ཞིག་ཏུ་འདོད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད། དཔེར་ན། རྒྱ་མི་འགས་རྒྱལ་བ་རྡོ་རྗེ་འཆང་གི་སྤྲུལ་སྐུ་ཡིན་ཟེར་བ་སོགས་སྤྲུལ་སྐུའི་མིང་བསླུ་ཉོ་བྱས་ཏེ་དད་ལྡན་རྣམས་ལ་མགོ་སྐོར་བཏང་ནས་བསྟན་པ་ལ་རྨ་འབྱིན་པ་སོགས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དང་འགལ་བའི་བྱ་བ་སྣ་ཚོགས་བྱེད་པ། སེར་མོ་བ་འགས་དད་ལྡན་མང་ཚོགས་མདུན་དུ་ནང་པའི་གྲུབ་མཐའ་ལ་ཕྱོགས་རིས་ཀྱི་སློབ་གསོ་གཏོང་བ།  ཁྱིམ་པ་ནང་ཁུལ་ནས་ཀྱང་གྲུབ་མཐའ་ཕན་ཚུན་རྩོད་པ་ཇེ་ཆེར་ཕྱིན་ནས་རྒྱུ་ཟས་འབྲེལ་བ་བཅད་པ་དང་། དེའི་དོན་དུ་རང་རིགས་དང་གཉེན་ཉེའི་འབྲེལ་བ་ཡིན་ཡང་ཇི་མི་སྙམ་པར་བཅད་དེ་མཐར་གསོད་རེས་བྱེད་པ། མངོན་ཤེས་ཡོད་ཁུལ། གྲུབ་ཐོབ་ཡིན་ཁུལ། ལུང་བསྟན་རྒྱག་ཁུལ། མོ་རྩིས་ཤེས་ཁུལ་སོགས་ཐབས་ཤེས་འདྲ་མིན་མང་པོས་མང་ཚོགས་ཀྱི་ཁྲག་དང་རྔུལ་ཆུ་ཚོད་མེད་དུ་འཇིབ་པ། དགོན་པ་འགས་གཡོ་སྒྱུ་འཁྲབ་སྟེ་ཉིན་འབུ་ཟེར་བའི་དབྱར་རྩ་དགུན་འབུ་སློང་སྟངས་སྔར་མེད་གསར་གཏོད་བྱེད་པ། གྲྭ་རྫུན་འགས་དགོན་པའི་འདྲ་པར་ཐོག་ཏུ་ཐེལ་ཙེ་རྫུན་མ་བརྒྱབ་སྟེ་ཐག་རིང་དགོན་པ་ག་གེ་མོ་ཞིག་ཉམས་གསོ་བྱེད་དགོས་པའི་སློང་མོ་གནང་རོགས་ཞེས་གྲོང་ཁྱེར་གྱི་གསང་ལམ་ཁག་ཏུ་སློང་མོ་བ་རྫུན་མས་གང་བ། སློང་མོ་བ་རྫུན་མ་དེ་དག་གིས་ཉིན་མོ་གཟན་ཤམ་གྱོན་ཏེ་སློང་མོ་བྱས་པའི་སྒོར་གྱིས་མཚན་མོ་ནང་མ་ཁང་དང་སྨད་འཚོང་ཁང་དུ་ཡང་འགྲོ་བ་སོགས་གྲྭ་བཙུན་དང་དགོན་སྡེ་ཁག་ལ་མིང་ཆད་ངན་པ་བཟོ་བ། ད་དུང་འདིའི་རིགས་བརྗོད་ཀྱིས་མི་ལང་བ་མང་པོ་ཡོད་པ་དག་ནི། ནང་ཆོས་ཀྱིས་སེམས་ཅན་ལ་དྲིན་བཟོ་བའི་ངོ་བོ་གཞན་དུ་བསྒྱུར་བའི་ཉེན་ཁ་ཆེ་ཤོས་དང་ནང་བསྟན་རྨང་ནས་བསྣུབས་པའི་རྒྱུ་རྐྱེན་གཅིག་པོ་དེ་ཡིན་ཏེ། འཕགས་པ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལས། འོད་སྲུང་འདི་ལྟ་སྟེ། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཤི་བའི་ཤ་ལ་གཅན་གཟན་ནམ་བྱ་གང་གིས་ཀྱང་ཟ་བར་མི་ནུས་ཀྱི་སེང་གེའི་རོ་དེ་ཉིད་ལས་སྲིན་བུ་གང་དག་འབྱུང་བ་དེ་དག་རི་དྭགས་ཀྱི་རྒྱལ་པོ་སེང་གེའི་ཤ་ལ་ཟའོ། །འོད་སྲུང་དེ་བཞིན་དུ་ངའི་བསྟན་པ་འདི་ཉིད་ལ་མི་བླུན་པོ་བརྐམ་པ། ཆགས་པས་ཟིལ་གྱིས་ནོན་པ། ཆོས་མ་ཡིན་པ་ལ་ལྟ་བ། ངེས་པར་མི་སེམས་པ། ལྷོད་པ། བརྫུན་དུ་སྨྲ་བ། གང་དག་འབྱུང་བ་དེ་དག་ངའི་བསྟན་པ་ནུབ་པར་བྱེད་པར་འགྱུར་རོ། ། ཞེས་གསུངས་པའི་དོན་ལྟར་འགྱུར་ཉེན་ཆེ་བས། བསྟན་ལ་བློ་སེམས་དཀར་བའི་བླ་སྤྲུལ་དང་དགོན་སྡེ་ཆེ་ཁག ལྷག་ཏུ་དོན་འདིའི་རིགས་ལ་བསྐོས་པའི་མི་དང་བཙུགས་པའི་ཤིང་སྟེ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་བཅས་ཀྱིས་འདི་དག་ལ་ཚོད་འཛིན་ཞིག་མ་བྱས་ཐབས་མེད་དུ་གྱུར་འདུག་སྙམ། 

 དེ་བཞིན་བོད་ཀྱི་དད་ལྡན་མང་ཚོགས་ལ་སྐྱོན་ཆ་ཞིག་ཡོད་པ་ནི། བླ་མའི་མདུན་ནས་གསུང་ཆོས་ཞུ་རྒྱུ་དགའ་བ་ལས་གསུང་ཆོས་ལ་ཡིད་ཕབ་སྟེ་ཉན་པ་དང་། ཟིན་བྲིས་འདེབས་པ། བཀའ་འདྲི་ཞུ་རྒྱུ་སོགས་རྨི་ལམ་དུ་ཡང་རྨིས་མྱོང་མེད་པ་འདྲ་ལ། དད་པའི་སེམས་ཀྱིས་བླ་མ་དང་དབང་གནང་སའི་གཏོར་མ་སོགས་ལ་མགོ་བོ་གཏུག་ཐུབ་ན་ཆོག་པར་སེམས་བཞིན་པ་འདི་རེད། མ་འོངས་པར་འདི་ལ་བཟང་འགྱུར་ཞིག་མ་ཐེབས་ཚེ་སྔར་ལས་ཀྱང་ནང་ཆོས་དང་མི་གཤིས་གཉིས་བར་ཐག་ཇེ་རིང་དུ་སོང་སྟེ་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་ནུས་པ་ཤོར་ངེས།

ད་ནི་འཕྲོས་པ་དོར་ནས་དཀྱུས་ལ་འཇུག་ན། རྒྱ་གར་ནས་ཇོ་བོ་རྗེ་གདན་འདྲེན་ཆེད་ལྷ་བླ་མ་ཁུ་དབོན་གཉིས་ཀྱིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུལ་གནང་བ་མ་ཟད། ལྷ་བླ་མ་ཁོང་རང་ཉིད་ཀྱི་སྐུ་སྲོག་ཀྱང་གར་ལོག་རྒྱལ་པོའི་ལག་ཏུ་ཕངས་མེད་བཏང་བ་སོགས་ངལ་བ་མང་པོ་ཞིག་བརྒྱུད་མཐར་ཇོ་བོ་བོད་དུ་ཕེབས་ཐུབ་ཙམ་བྱུང་། དེ་སྐབས་ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་རེ་ཞུ་འདི་ཕུལ་བས་ཁོང་ཐུགས་ཤིན་ཏུ་དགྱེས་ཏེ་བསྟནབཅོས་ ཆེན་པོབྱང་ཆུབ་ལམ་གྱི་སྒྲོན་མབརྩམས་པ་དང་། གཞུང་རང་གི་དབུ་ན་ སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་བསྟོད་བསྔགས་དང་བཅས་བོད་དུ་ཆོས་འཆད་ཁྲིད་པས་བཟོས་པའི་དཀའ་རྙོག་དེ་དག་གཙང་སེལ་ཐུབ་པ་གནང་ཡོད་ལ། ཁོང་གིས་གསང་སྔགས་དང་གྲུབ་རྟགས་རིགས་སོགས་འུར་ཆེ་བའི་མཛད་པ་དེ་ཙམ་མ་སྤེལ་བར་འདུལ་བའི་ཀུན་སྤྱོད་གཙང་མ་གཞིར་གཟུང་། སྐྱེས་བུ་ཆུང་ངུའི་ལམ་རིམ་ནས་དབུ་གཙུགས་ཏེ་བསྟན་པ་སྤྱི་དང་གདུལ་བྱའི་ཐུན་མོང་ལ་ཕན་པའི་ལམ་ཡོངས་རྫོགས་ཀྱི་གཞི་རྐང་ལེགས་པར་བཙུགས་པས་བཀའ་གདམ་རྣམ་ཐར་གཙང་མ་ཞེས་གཞན་ལས་ཁྱད་དུ་འཕགས་པའི་མཚན་སྙན་རྒྱས། ཁོང་གི་རྗེས་འཇུག་རྣམས་ཀྱི་མཛད་རྗེས་ལ་མཇལ་ན་ཡང་རྟོགས་པ་ལ་མཐོ་སྙེག་མེད་པར་མི་ཚེ་སྐྱབས་འགྲོ་དང་འཆི་བ་མི་རྟག་པ་ཁོ་ན་ལ་བློ་སྦྱོང་མཁན་ལས། ཆོས་འཇིག་རྟེན་བསྲེས་པའི་ལོ་རྒྱུས་དང་ཆོས་འདི་སྣང་ལ་ཤོར་བའི་དྲི་ཙམ་ཡང་མེད་པ། དང་བ་འདྲེན་པ་ཤ་སྟག་བཞུགས་སྟབས་བོད་དུ་ཆོས་པས་བཟོས་པའི་ཉེས་སྐྱོན་འགོག་པ་ལ་གཞན་གྱིས་ཚབ་བྱེད་དུ་མེད་པའི་ནུས་པ་ཐོན་ཡོད། མདོར་ན་བོད་དུ་བཞུགས་པའི་ཆོས་བརྒྱུད་གཞན་རྣམ་པས་གདུལ་བྱ་དབང་པོ་རབ་དང་འབྲིང་རྣམས་ལ་ཕན་ཆེན་པོ་བྱུང་རུང་གདུལ་བྱ་ཐུན་མོང་ལ་བཀའ་གདམ་ནང་བཞིན་བྱུང་མེད་པར་སྙམ། དེར་ཕྱིར་ཆོས་སྨྲ་བ་པོས་ཉེས་སྐྱོན་རྣམས་ཆོས་རང་སྟེང་དུ་མ་གོས་པར་ཆོས་དང་དད་ལྡན་པའི་སེམས་ཁམས་གཉིས་དུས་དང་འཚམ་པར་སྙོམ་སྒྲིག་ཐུབ་པར་བྱ་ཆེད། ཁོང་རྣམ་པ་མིག་དཔེར་བཟུང་སྟེ་རེ་ཞུ་འདི་ལ་ཡང་བསྐྱར་སློབ་སྦྱོང་དང་དཔྱད་གཞི་བྱེད་པའི་དགོས་པ་ཆེན་པོ་ཞིག་སླེབས་འདུག་སྙམ།

དེང་གི་དུས་འདིར་སྔར་དང་མི་འདྲ་བར་གདུལ་བྱའི་བློའི་འཆར་སྒོ་མང་དུ་འགྲོ་བཞིན་པ་དང་བློ་སྣ་འགྱུར་སླ་མོ་ཆགས་ཡོད་སྟབས། ནང་བསྟན་འཆད་ཁྲིད་པས་དེ་བས་ཀྱང་གཟབ་ནན་གོ་བདེས། སྐྱེས་བུ་ཆུང་འབྲིང་གི་རིམ་པ་ལྟར་གདུལ་བྱའི་བློ་ཚོད་དང་བསྟུན་ཏེ་ངང་རྒྱུད་རིང་པོས་ཕ་མས་བྱིས་པ་སྐྱོང་བ་ལྟར་གནང་ཚེ། དད་ལྡན་པའི་སེམས་སུ་ཉར་རྒྱུའི་གཏན་ཚིགས་དང་མི་ཕྱེད་དད་པའི་ཤེས་རབ་བསྐྲུན་ཐུབ་ལ། ལོ་གཞོན་ཁྲོད་བྱུང་རྒྱལ་དང་ཚོད་དཔག་ཙམ་གྱིས་ནང་ཆོས་ལ་སྐུར་འདེབས་དང་ཁྱད་གསོད་ཀྱི་ལྟ་ངན་མཆེད་བཞིན་པ་དག་རང་ཞིར་འགྲོ་བར་ནུས་པ་འདོན་ཐུབ། མང་ཚོགས་ཁྲོད་ཡོངས་ཁྱབ་ངང་ནང་བསྟན་གྱི་རྒྱུན་ཤེས་དང་རྨང་གཞིའི་ཤེས་བྱ་ཆགས་ཏེ། ལས་འབྲས་སྲུང་ཞིང་དགེ་བཅུ་ལ་བརྩོན་པའི་མི་སྤུས་ཚད་ལྡན་ཁྱབ་གདལ་དང་། རང་རིགས་མཐུན་སྒྲིལ་བྱེད་པའི་གཞི་རྩའི་གནད་དོན་སྟེ་རིགས་རུས་ཀྱི་གསེར་སྐུད་དམ་དུ་གཏོང་བའི་ཐབས་མཆོག་བླ་ན་མེད་པ་བཅས་ཀྱང་ཡིན། སྟོན་པ་རང་ཉིད་ནས་ཀྱང་གདུལ་བྱའི་བློ་དང་འཚམ་ཆེད་ཐོག་མར་བདེན་བཞིའི་ཆོས་འཁོར་བསྐོར་བ་མ་ཟད། མདོ་སྔགས་ལམ་རིམ་དག་ལས་ཀྱང་གདུལ་བྱའི་བློ་ཚོད་དང་མཐུན་པར་བསྟན་དགོས་པ་ནན་གྱིས་བསྒྲུབས་ཡོད་པ་མ་ཡིན་ནམ།

དེས་ན་ཆོས་ཀྱི་སྦྱིན་པ་ནི་འཇིག་རྟེན་ཕྱི་མ་ཕན་ཆེད་ཁོ་ནའི་བཤད་ཁྲིད་ཅིག་ཡིན་མི་དགོས་ཏེ། མི་རིགས་རང་གི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་གནས་ལུགས་གླེང་བ། བསླབ་བྱ་རྒྱག་པ། རེ་བ་བཏོན་པ། དངོས་སུ་སྐད་ཡིག་འཆད་ཁྲིད་སོགས་ཀྱིས་གོང་འཕེལ་གཏོང་བ། སྤྱི་ཚོགས་ལ་ཕན་པའི་རིག་གནས་སྣ་མང་ཁྲིད་སྟོན་བྱེད་པ། རིག་གནས་མཐུས་སྒོ་ཚང་དུ་གཏོང་བ། བཟོ་དང་གསོ་བ་སོགས་ལག་རྩལ་འདྲ་མིན་གང་བཟང་སློབ་པ། རང་གིས་ཤེས་པའི་ལག་རྩལ་གྱིས་གཞན་ལ་ཕན་བདེ་སྐྲུན་པ། མི་གཞི་ཀུན་སྤྱོད་བསྟན་པའི་དེང་རབས་ཀྱི་སློབ་གསོ་སོགས་ཧུར་ཐག་ངང་ཁྱབ་སྤེལ་དང་སྣེ་ཁྲིད་བྱེད་པ་བཅས་ཀྱང་ཆོས་ཀྱི་སྦྱིན་པའི་ཉམས་ལེན་ཡིན་ཏེ། བྱང་ཆུབ་ལམ་རིམ་ཆེན་མོལས། ཆོས་ཀྱི་སྦྱིན་པ་ནི། དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་དང་། བཟོ་ལ་སོགས་པ་འཇིག་རྟེན་གྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་སློབ་པ་རིགས་པར་སྟོན་པ་དང་བསླབ་པའི་གཞི་འཛིན་དུ་འཇུག་པའོ། །ཞེས་གསུངས་ཡོད་པས་སོ། །

ག མི་འཇིགས་སྐྱབས་སྦྱིན་གྱི་ཉམས་ལེན།

མཐོ་རིམ་དང་དམའ་རིམ་སྲོག་ཆགས་ཀུན་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་ཅན་ཤ་སྟག་ཡིན་ལ། རང་རང་གི་ངོས་ནས་ཚེ་སྲོག་གི་ངོ་བོ་དང་། ཚེ་སྲོག་གི་རིན་ཐང་། ཚེ་སྲོག་གི་འདང་རྩིས་ཆེ་ཆུང་སོགས་མཉམ་མཉམ་ཡིན་པས། ཐ་ན་འབུ་གྲོག་མ་གཅིག་མ་གཏོགས་ཚེ་སྲོག་གི་འཇིགས་པ་ལས་བསྐྱབས་མ་ཐུབ་རུང་། ཚེ་སྲོག་སྐྱོབ་པ་ནི་མི་འཇིགས་སྐྱབས་སྦྱིན་གྱི་ཉམས་ལེན་དང་སེམས་ཅན་གྱི་དྲིན་བཟོ་སྟངས་ཆེས་བླ་ན་མེད་པ་ཞིག་ཡིན། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག  ཅེས་པ་ལྟར་མི་ཕྱུགས་བར་གནས་བབས་དང་གོ་ས་བརྗེ་རེས་ཀྱི་བསམ་གཞིག་བྱས་ཚེ་དུད་འགྲོ་ཡང་ང་ཚོ་ནང་བཞིན་དགའ་སྐྱོ་ཆགས་སྡང་གིས་མནར་བཞིན་ཡོད་པ་དང་། སོ་སོའི་ཚེ་སྲོག་ལ་འཕྲད་པའི་འཇིགས་སྐྲག་ནི་བཟོད་པར་དཀའ་བ་ཞིག་ཡིན་པ་ཚོར་ཐུབ།

ནང་བསྟན་དུ་གཞན་གྱི་ཚེ་སྲོག་འཕྲོག་པ་ནི་རང་ཉིད་ཚེ་ཐག་ཐུང་དུ་འགྲོ་བའི་རྒྱུ་རྐྱེན་དང་། གཞན་གྱི་ཚེ་སྲོག་སྐྱོབ་པ་ནི་རང་གི་ཚེ་ཐག་རིང་དུ་གཏོང་བའི་ཐབས་མཆོག་ཡིན་པར་བསྟན་ཡོད་དེ། བདེན་པ་པོའི་ལེའུལས། རྒྱལ་པོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག ། སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་འཕངས། །དེ་བས་ཡུན་རིང་ཚེ་སྲུང་སུ་འདོད་པས། །ཡིད་ཀྱི་དགུ་ལའང་སྲོག་གཅོད་མི་བསམ་མོ། །ཞེས་གསུངས། མདོ་འདིའི་དོན་ནི། རྒྱལ་པོ་ཁྱེད་ཀྱིས་རྒྱལ་སྲིད་སྐྱོང་སྐབས་སྲོག་ཁྲིམས་གཅོད་པའི་མཛད་པ་གཏན་ནས་གནང་མི་རུང་སྟེ། སྐྱེ་བོ་ཀུན་ལ་རང་རང་གི་ཚེ་སྲོག་ནི་ཆེས་སྙིང་དུ་སྡུག་ཤོས་དང་དམར་ཐང་ཆེ་ཤོས་ཡིན་པས་སོ། །དེས་ན་ཡུན་རིང་མི་འཆི་བའི་ཕྱིར་དུ་རང་རང་གི་ཚེ་བསྲུང་བ་དང་ཚེ་བསྲིང་པར་འདོད་པ་སུ་ཞིག་ཡོད་ན། སེམས་ཅན་གཞན་སྲོག་གཅོད་འདོད་ཀྱི་བློ་ངན་ཡིད་ཀྱི་དགུ་ལ་མི་སྐྱེ་བར་བྱེད་པ་ནི། རང་གི་ཚེ་ཐག་རིང་དུ་བསྲིང་བའི་ཐབས་མཆོག་ཡིན་ཞེས་པའོ། །

དགྲ་གཉེན་བར་མ་གང་ཞིག་ཡིན་ཡང་ཚེ་སྲོག་མ་བསྐྱབ་ན་ཆོག་པའི་མི་ཕྱུགས་སུ་ཡང་མེད་མོད། གང་ཞིག་དང་པོ་བསྐྱབ་དགོས་མིན་གྱི་ཁྱད་པར་ཡོད་དེ། དཔེར་ན། བ་གླང་ཞིག་དང་། སྐྱེ་བོ་རང་ག་བ་ཞིག  རང་གི་མ་ཡུམ། མཁས་བཙུན་ཅན་གྱི་སྐྱེས་བུ་བཅས་མི་བཞི་ལ་སྲོག་གི་འཇིགས་པ་མཉམ་དུ་འཕྲད་ན། མཁས་པ་དེ་དང་པོ་དང་། དེ་ནས་དྲིན་ཆེན་མ། དེ་ནས་རིན་བཞིན་བསྐྱབ་དགོས། ཐོག་མར་མཁས་པ་སྔོན་ལ་བསྐྱབ་དགོས་པ་ཡང་གཞུང་ལུགས་ཀྱི་ཟ་དང་ཟུར་ནས་མངོན་ཡོད་དེ། སྐྱེས་རབསལས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག ། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག ། ཕོངས་པར་གྱུར་ཀྱང་མི་འགྱུར་འཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག ། གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག ། ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །  ཞེས་དང་། ཐོས་པའི་ཚོམསལས་ཀྱང་། ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་པ་ལྟར་སྟོན་པས་སྐུ་ཚེ་སྔོན་མར་ཚིགས་བཅད་རེ་རེའི་ཕྱིར་དུ་སྲོག་ལ་ཐུག་པའི་དཀའ་བ་སྤྱད་ཚུལམཛད་བརྒྱདངམདོ་མཛངས་བླུནསོགས་ལས་ཀྱང་གསུངས་ཤིང་ཐོས་པ་དང་ཐོས་པ་ཅན་ལ་དད་གུས་དང་བརྩི་མཐོང་ཚད་མཐོན་པོ་གནང་ཡོད། གཞུང་དེ་དག་ལ་གཟིགས་ན་གོང་དུ། རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཞེས་པའི་སྐྱེས་རབས་ཀྱི་གསུང་ཚིག་འདི་དག་ལག་ལེན་ཁྲོད་ཀྱི་སྐད་ཆ་ཡིན་པར་ཤེས་ཐུབ།

མདོར་ན་ལེགས་གསུང་དེ་དག་ལས་སྦྲང་རྩི་བཞིན་སྙིང་པོ་ལོན་དགོས་པ་ནི། འདྲ་མཉམ་ཐོག་ནས་ཚེ་སྲོག་གཙོས་རང་རང་ལ་དབང་བའི་སྒེར་གྱི་ཁེ་དབང་སྲུང་སྐྱོབ་དགོས་པར་བསྟན་ཡོད་ལ། དེ་ཉིད་མཐུས་སྒོ་ཇེ་ཚང་གཏོང་དགོས་ན། བློ་ཁ་སྤྱི་དོན་དང་རྒྱང་རིང་ལ་ཕྱོགས་ཏེ་མི་རིགས་སོ་སོ་དང་སྤྱི་ཚོགས་ཐུན་མོང་ནས་ཤེས་ཡོན་ལ་དང་དོད་དང་བདག་གཅེས། ཤེས་ཡོན་ཅན་ལ་གུས་བརྩི་དང་གཙིགས་འཛིན་གྱིས་རྣ་བ་གླན་ཅིང་ཡིད་གཏོད་དགོས་པའི་གནས་ལུགས་གླེང་ཡོད་ལ། སྤྱི་སྒེར་ཀུན་གྱི་མདུན་ལམ་ཇེ་ལེགས་སུ་འགྲོ་བའི་ཐབས་ལམ་འདི་ལས་ལྷག་མེད་པར་བསྟན་ཡོད།

ཡ་རབས་སྤྱོད་གཙང་།  དྲང་བདེན་ཚིག་བཙུན། འཆམ་མཐུན་བརྟན་ལྷིང་བཅས་ནི་མི་དགེ་བཅུ་སྤོང་༨༡གི་ཚུལ་ཁྲིམས་ཀྱི་ཉམས་ལེན་ལ་རག་ལས།

མི་དགེ་བཅུ་ནི་དེང་སང་གི་བྱ་ངན་སྤྱོད་ངན་ཡོད་ཚད་ཀྱི་སྤྱི་སྡོམ་ཡིན་ཞེས་སྨྲས་ན་ཆོག་པ་དང་། དེ་ལས་ལྡོག་པའམ་དེ་ལྟར་མི་བྱེད་པའི་དམ་བཅའ་དང་བཅས་པ་ནི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་ཉམས་ལེན་ཡིན་པས་དེང་གི་སྤྱི་ཚོགས་ཡོངས་ཀྱིས་ཡིད་སྨོན་བྱེད་སའི་སྤྱོད་གཙང་གི་རྨང་གཞི་ཡིན་པར་བཤད་ཆོག་པ་ཡིན། འོ་ན་མི་དགེ་བཅུ་པོ་གང་དག་ཡིན་ཞེ་ན།

 ལུས་ཀྱི་མི་དགེ་བ་གསུམ།

གཞན་གྱི་ཚེ་སྲོག་འཕྲོག་པའི་སྲོག་གཅོད་དང་། གཞན་གྱི་རྒྱུ་ནོར་བཙན་འཕྲོག་གི་མ་བྱིན་ལེན། གཞན་ལ་བཙན་གཡེམ་མམ་ལོག་གཡེམ་བཅས་ཡིན། དེ་གསུམ་སྤང་པས་སྤྱོད་པ་གཙང་མ་རང་ཤུགས་ཀྱིས་ཡོང་ཐུབ་པས། གཅིག་གཅིག་བྱས་ན་དངུལ་ཆད། གཉིས་གཉིས་བྱས་ན་བཙོན་ཁང་ཞེས་འཇིགས་སྐུལ་བྱེད་མི་དགོས་པའི་ཁྱད་ཆོས་ལྡན།

 ངག་གི་མི་དགེ་བ་བཞི།

མགོ་སྐོར་གཡོ་རྒྱུའི་རྫུན། མཐུན་པ་མི་མཐུན་པར་བྱེད་པའི་ཕྲ་མ། གཞན་གྱི་བདེ་སྐྱིད་འཇོམས་པའི་ཚིག་རྩུབ། རང་གཞན་གྱི་དུས་ཚོད་བརླག་པའི་ངག་འཆལ་བཅས་ཡིན། དེ་བཞི་སྤང་པས་ཡོངས་ཁྱབ་ངང་ཡ་རབས་སྤྱོད་གཙང་དང་དྲང་བདེན་ཚིག་བཙུན་ཡོང་བར་སྨྲོས་མ་དགོས།

 ཡིད་ཀྱི་མི་དགེ་བ་གསུམ།

གོ་སྐབས་བསྒུག་ཏེ་གནོད་པ་སྐྱེལ་འདོད་ཀྱི་གནག་སེམས། འཕྲལ་འཕྲལ་གནོད་པ་སྐྱེལ་འདོད་ཀྱི་གནོད་སེམས། གནོད་པ་བྱེད་འོས་པ་དང་བྱས་ན་འགྲིག་པར་སེམས་པའི་ལོག་ལྟ བཅས་ཡིན། དེ་གསུམ་སྤང་པས་སྤྱི་ཚོགས་ཡོངས་སུ་ཁ་ཞེ་མཐུན་པའི་གྲོགས་ཀྱི་ཁྱབ་རྒྱ་ཆེ་རུ་སོང་ནས་འཆམ་མཐུན་བརྟན་ལྷིང་ངང་གིས་ཡོང་ཐུབ།

དེས་ན་མི་དགེ་བཅུ་སྤོང་གི་བཀའ་ཁྲིམས་འདི་ལ་ཁྲིམས་ཞེས་པ་ཙམ་ལས། དོན་ལ་བྱ་བ་དེའི་རིགས་བྱེད་ན་འོས་འཚམ་ཡིན་མིན་སྟོན་པའི་བསླབ་བྱ་དང་ལེགས་བཤད་ཅིག་ཡིན་པས། ཁྲིམས་གཞན་དག་དང་མི་འདྲ་བར་མི་སེམས་ཀྱི་གཏིང་ལ་ཟུག་ཐུབ་པ་དང་། རང་འགུལ་ངང་དང་ལེན་བྱེད་པའི་ནུས་པ་ལྡན་ལ་སྤྱི་ཚོགས་ཧྲིལ་པོ་ཡ་རབས་སྤྱོད་གཙང་བསྒྱུར་བའི་རྨང་གཞིའི་སྡོམ་འཆིང་ལྟ་བུ་ཡིན།

འོན་ཏེ་དད་ལྡན་པའི་ཁྲོད་དུ་སྤྱོད་གཙང་འདི་དག་ཡོངས་ཁྱབ་སོང་མེད་པའི་རྒྱུ་རྐྱེན་ཅི་ཞེ་ན། ཆོས་པའི་སྤྱི་ཚོགས་རང་སྟེང་ནས་མང་ཚོགས་དང་ཉེ་བར་བཅར་ཏེ་འགྲེལ་བཤད་བྱེད་པའི་ཐབས་ལམ་གྱིས་མ་འདང་བའི་ཉེས་པ་རེད་སྙམ།

 ཞི་བདེ་མཉམ་གནས་ནི། བཟོད་པའི་ཉམས་ལེན་ལ་རག་ལས།

ཀུན་གྱིས་མཁྱེན་གསལ་ལྟར་གྲོགས་པོའི་བར་ཞི་བདེ་མཉམ་གནས་དང་། མཛའ་བརྩེ་མཐའ་འཁྱོལ་ཡོང་བར་ཕན་ཚུན་བཟོད་སྒོམ་ཁོག་ཡངས་ལ་རག་ལས།  ཁྱིམ་ཚང་ཞིག་ཞི་བདེ་མཉམ་གནས་དགོས་ན། ཕན་ཚུན་བཟོད་སྒོམ་ཁོག་ཡངས་གལ་ཆེ། དེ་བཞིན་གྲོང་ཚོ་ཞིག་དང་ཡུལ་ལུང་ཞིག  མི་རིགས་ཤིག་འཆམ་མཐུན་མཉམ་གནས་དང་། མཐུན་སྒྲིལ་སྟོབས་ལྡན་ཡོང་བར་ཕན་ཚུན་བཟོད་སྒོམ་ཁོག་ཡངས་གལ་ཆེ། དེ་བཞིན་རྒྱལ་ཁབ་ནས་གོ་ལ་ཧྲིལ་པོའི་བར་ཞི་བདེ་འཆམ་མཐུན་ཡོང་བར་ཕན་ཚུན་བཟོད་སྒོམ་ཁོག་ཡངས་ལས་ལྷག་པའི་ཐབས་ལམ་ཞིག་གཏན་ནས་མེད། བཟོད་སྒོམ་བྱ་ཡུལ་ཅི་འདྲའི་གདུག་རྩུབ་ཅན་ཞིག་ཡིན་རུང་། ཁོ་རང་ཉིད་ཀྱི་སེམས་ཁམས་ས་རྡོ་ལས་གྲུབ་པ་མིན་སྟབས་མྱུར་དུ་སེམས་འགུལ་ཐེབས་སུ་འཇུག་ནུས་ཏེ། འཇམ་བཤད་བློ་འགུགས་བྱས་ན་དགྲ་ཡང་ཁུགཅེས་པ་ལྟར་རོ། །

བཟོད་སྒོམ་དང་དཀྱེལ་ཡངས་མི་ཤེས་པར་ཁོང་ཁྲོས་མི་ཚེ་བསྐྱལ་བའི་སྐྱེ་བོ་ཞིག་ལ་ཆ་མཚོན་ན་གྲུབ་འབྲས་དང་བདེ་སྐྱིད་ཟེར་བ་དེ་དག་ཡོང་མི་ཤེས་ཏེ། བདེ་སྐྱིད་ནི་སེམས་ཀྱི་བདེ་སྐྱིད་ཡིན་ལ་སེམས་པ་ཁོང་ཁྲོས་གང་ན། ཁོར་ཡུག་ཀུན་ཚེར་མའི་རང་བཞིན་དུ་སྣང་བ་མ་གཏོགས། རང་ཉིད་ལ་བདེ་སྐྱིད་ཡོད་པ་དང་རང་ཉིད་བདེ་སྐྱིད་ཀྱི་ཁྲོད་དུ་གནས་པ་གཏན་ནས་ཚོར་མི་ཐུབ།  གལ་ཏེ་སྟོབས་འབྱོར་དབང་གྲགས་ཀུན་འཛོམས་ཀྱི་སྐྱེ་བོ་ཞིག་ཡིན་ཡང་། བཟོད་བསྲན་དང་སྤྲོ་སྣང་གི་རང་གཤིས་མེད་ཚེ་ཉེ་འཁོར་དུ་ཡོད་པའི་མི་ཚོགས་དག་ལ་གྲང་ཤུམ་ཤུམ་གྱི་ཚོར་བ་ཞིག་སྟེར་ངེས་ལ། རང་ཉིད་ཀྱང་སྤྱི་ཚོགས་ཁྲོད་ནས་ཟུར་ལོགས་ཤིག་ན་ཁེར་སྡོད་བྱས་ཡོད་པའི་ཚོར་བ་སླེབས་ངེས།

དེ་ཕྱིརསྐྱེས་རབསལས། ཁྲོ་བའི་མེ་ཡིས་བཞིན་མདོག་ཉམས་གྱུར་ན། །རྒྱན་གྱིས་བརྒྱན་ཡང་བཟང་པོར་ཡོང་མི་སྣང༌། །མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང༌། །ཁྲོ་བའི་ཟུག་རྔུས་སེམས་ནི་སྡུག་བསྔལ་འགྱུར། །  ཞེས་དང་། སྤྱོད་འཇུགལས་ཀྱང་། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་དང་བདེ་བའང་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །  ཞེས་པ་ནས།   མདོར་ན་ཁྲོ་བ་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། ། ཞེས་པ་ལྟར་ཁོང་ཁྲོ་ནི་སུ་ཞིག་གི་རྒྱུད་ལ་སྐྱེས་ནའང་སྡུག་བསྔལ་བ་མ་གཏོགས་བདེ་བར་གནས་པའི་སྐབས་མེད་པས། མི་བུ་རང་སྟེང་ནས་དབུ་བཙུགས་ཏེ་དོན་གནད་ཆེ་ཆུང་ཀུན་ལ་གཟབ་ནན་དང་བཟོད་སྒོམ་གྱི་གཤིས་བཟང་འཛུགས་སྤེལ་བརྒྱུད། ཁོག་ཡངས་དང་སྤྲོ་སྣང་གིས་ཉེ་འཁོར་ཀུན་དགའ་བདེའི་དཔལ་ལ་རོལ་ཐུབ་པའི་མིག་དཔེ་འདོན་དགོས།

 ཡར་རྒྱས་ཚད་རྒལ་ནི་བརྩོན་འགྲུས་ཀྱི་ཉམས་ལེན་ལ་རག་ལས།

 དུས་རབས་འདི་ལ་མཚོན་ན་མིའི་འཇིག་རྟེན་ནང་སྒྲུབ་མི་ཚར་བའི་ལས་གཞི་ཆེན་པོ་ནི་བརྩོན་འགྲུས་ཡིན། བྱིས་པ་ནུ་ཞོ་དང་མ་བྲལ་གོང་ནས་བརྩོན་འགྲུས་ཀྱི་འགྲན་རྩོད་ཁྲོད་འཛུལ་ཞུགས་བྱས་ཡོད། ས་སྒང་འདིར་སྐྱེ་བ་བླངས་ནས་བཟུང་མི་གྲལ་དུ་ཆུད་མི་ཆུད་དང་། མཁས་པའི་གྲལ་དུ་ཆུད་མི་ཆུད། སྔོན་ཐོན་པའི་གྲལ་དུ་ཆུད་མི་ཆུད་ཀྱི་ཚངས་ཐིག་ཉིན་རེ་བཞིན་བརྩོན་འགྲུས་ཀྱིས་འདེབས་བཞིན་མཆིས། ལྷག་ཏུ་དེང་སང་བརྩོན་འགྲུས་ཉིན་གཅིག་མ་བྱས་ན། དུས་རབས་གཅིག་གི་རྗེས་སུ་ལུས་པ་ལྟ་བུའི་ཕམ་ཁ་མྱོང་བཞིན་པ་ཡིན།  དེ་ཕྱིརདབུ་མ་འཇུག་པལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། ། ཞེས་གསུངས་ཡོད། དེང་གི་མི་རྣམས་ཀྱིས་འཚོ་བའི་ཁྲོད་ནས་བརྩོན་འགྲུས་ལ་མི་འབད་པའི་སྐྱེ་བོ་ཞིག་མཐོང་བ་ནི། དུས་རབས་འདི་ལ་མཚོན་ན་ཆེས་འཇིགས་རུང་གི་སྲོག་ཆགས་ཤིག་མཐོང་བའི་ཚོར་བ་སྟེར།

འཇིག་རྟེན་འདིར་ངོམ་དུ་རུང་བའི་མི་བཟོས་དངོས་པོ་ཡོད་ཚད་བརྩོན་འགྲུས་ཀྱིས་ཤེད་ཡ་དང་། ཤེས་རབ་ཀྱིས་མིག་ཡ་བྱས་པའི་གྲུབ་འབྲས་ཡིན་པ་ཤེས་གསལ་ལྟར་ནང་བསྟན་ལས་ཀྱང་བརྩོན་འགྲུས་ལ་ལྟ་ཚུལ་འདི་ལྟར་བཟུང་ཡོད་དེ། ལྷག་བསམ་བསྐུལ་བལས། འཇིག་རྟེན་འདི་ན་བཟོ་གང་ཅི་ཡོད་དང༌། །འཇིག་རྟེན་འདས་བཟོ་གང་དག་ཅི་ཡོད་པ། །བརྩོན་འགྲུས་བརྩམས་ལ་རྙེད་པར་མི་དཀའ་ན། །མཁས་པ་སུ་དག་བརྩོན་འགྲུས་སྟོབས་ཀྱིས་སྐྱོ། །  ཞེས་འཇིག་རྟེན་འདི་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཅི་ཡོད་ཀུན་ལ་བརྩོན་འགྲུས་བརྩམས་ན། རྙེད་པར་དཀའ་བ་དང་ཐོབ་པར་དཀའ་བ་དག་ཀྱང་དཀའ་ཚེགས་ཅི་ཡང་མེད་པར་འཐོབ་ནུས་པར་བསྟན་ཡོད་ལ། མཁས་པ་སུ་ལ་ཡང་བརྩོན་འགྲུས་ཀྱིས་དགའ་བ་དང་བདེ་བ་སྦྱིན་པ་མ་གཏོགས་མི་དགའ་བ་དང་སྡུག་བསྔལ་སྦྱིན་མི་སྲིད་ཅེས་བསྟན་ཡོད། ཕར་ཕྱིན་བསྡུས་པལས་ཀྱང་། ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་འགའ་ཡང་མེད། །[20] ཅེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་འབྲས་ཆེ་ཆུང་གང་ཡིན་ཡང་བརྩོན་འགྲུས་ལྡན་ན་མི་འགྲུབ་བྱ་བ་མེད་ཚུལ་ནན་བཤད་བྱས་ཡོད།

གལ་ཏེ་བརྩོན་འགྲུས་མ་བྱས་ཚེ་ཕམ་ཁ་ཅི་ཞིག་འབྱུང་ཞེ་ན། མདོ་དྲན་པ་ཉེར་གཞགལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། ། ཞེས་དང་། ས་སྐྱ་ལེགས་བཤདལས་ཀྱང་། ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་བསྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །བླུན་པོའི་དབུས་ན་དགའ་ཞིང་བརྩེ། །མཁས་པའི་མདུན་ན་ཞུམ་ཞིང་འཛུར། །ནོག་དང་ལྐོག་ཤལ་མེད་ན་ཡང་། །ཡ་སོ་ཅན་གྱི་བ་ལང་ཡིན། །གང་ན་བཟའ་བཏུང་ཡོད་དེར་རྒྱུག ། དགོས་པའི་བྱ་བ་བཅོལ་ཡང་འབྲོས། །གཏམ་དང་བཞད་གད་ཤེས་ན་ཡང་། །མཇུག་མ་མེད་པའི་ཁྱི་རྒན་ཡིན།  ཞེས་སྔོན་གྱི་ཡབ་མེས་རྣམ་པས་ཚེ་འདིའི་བྱ་གཞག་ཙམ་ལ་ཡང་མི་བརྩོན་པའི་སྐྱེ་བོ་དག་ནི། ནོག་དང་ལྐོག་ཤལ་ཡོད་མེད་ཙམ་མ་གཏོགས་དུད་འགྲོ་མཚན་ཉིད་ལས་མིའི་མཚན་ཉིད་ཚང་མེད་པར་གསལ་པོར་བསྟན་ཡོད། དེས་ན་ས་སྐྱ་པཎྜི་ཏ་ཕེབས་སྐབས་ལེ་ལོ་ཅན་གྱི་སྐྱེ་བོ་དག་སྤུ་མེད་ཅན་གྱི་ཕག་པ་ཡིན་ན། དུས་རབས་ཉེར་གཅིག་ལ་སླེབས་ཀྱང་ལེ་ལོས་དུས་འདའ་བའི་རང་རིགས་མང་ནས་ཉུང་དུ་མ་སོང་བ་ནི་ཅི་འདྲའི་བཤད་མི་ནུས་པ་ཞིག་རེད།

བློ་རྩ་བརྟན་པོས་བྱ་གཞག་སྒྲུབ་པར་བསམ་གཏན་གྱི་ཉམས་ལེན་ལ་རག་ལས། བསམ་གཏན་གྱི་ཕར་ཕྱིན་ནི་སྤྱིའི་ཆ་ནས་སེམས་ནང་དུ་འཇོག་པའི་ཏིང་ངེ་འཛིན་ལ་ངོས་འཛིན་པས་སྤྱི་ཚོགས་ཐོག་ཇི་བཞིན་འབྱོར་དཀའ་མོད། འོན་ཏེལམ་རིམ་འབྲིང་པོལས། འདི་ལ་ཞི་ལྷག་དངོས་དང་རྗེས་མཐུན་པ་གཉིས་མ་བྱས་ན། ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་ལྷག་དངོས་ཀྱི་འབྲས་བུར་འོང་བའི་ངེས་པ་མེད་དོ། །ཞེས་པ་ལྟར་རྗེས་མཐུན་པ་ཙམ་ནི་དགོས་ངེས་སུ་ཡོད་དེ། དཔེར་ན། ཕྱག་མཆོད་སོགས་ཆོས་ཕྱོགས་ཀྱི་བྱ་བ་ཞིག་སྒྲུབ་བཞིན་ཡོད་ན་ཕྱག་མཆོད་མང་ཉུང་གཙོ་བོ་མ་ཡིན་པར། ཕྱག་མཆོད་བྱེད་བཞིན་པའི་ཚེ་དགེ་བའི་བསམ་པ་བརྟན་པོ་དང་དགེ་སེམས་རྩེ་གཅིག་པས་བསྒྲུབས་ན་ད་གཟོད་གཞི་ནས་ཕྱག་མཆོད་དངོས་གནས་པ་ཞིག་འགྱུར་ཐུབ་པ་ཡིན་གྱི། ཅི་བསམ་འདི་དྲན་མེད་པའི་ཕྱག་མཆོད་གྲངས་གསོག་བྱས་ཀྱང་ཚད་ལྡན་ཞིག་མི་ཡོང་སྟེ། སྤྱོད་འཇུགལས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་དང་། བྱང་ཆུབ་ལམ་རིམ་ཆེན་མོལས། སེམས་གཞན་དུ་གཡེངས་བའི་བཟླས་བརྗོད་སོགས་ཀྱང་དོན་མེད་པར་གསུངས་ཤིངཞེས་དང་ལམ་རིམ་འབྲིང་པོ་སོགས་ལས་ཀྱང་གསུངས་ཡོད།

དེ་བཞིན་འཇིག་རྟེན་གྱིས་བྱ་བ་ཚད་ལྡན་ཞིག་བསྒྲུབ་ན་བསམ་པ་བརྟན་པོ་དང་སེམས་རྩེ་གཅིག་པ་གཉིས་མེད་ཐབས་མེད་དེ། དེང་སང་ནི་དངོས་པོ་གང་དེའི་སྤུས་ཚད་དང་སྤྱོད་སྒོ་ཆེ་ཆུང་ལ་དོ་སྣང་ཆེ་ཤོས་བྱེད་བཞིན་ཡོད་པས། སྤྱོད་སྒོ་ཆེ་བའི་དངོས་པོ་ཚད་ལྡན་ཞིག་བཟོ་སྐྲུན་བྱེད་པར་བསམ་གཞིག་ནན་མོས་བློས་བླངས་སྣ་ཚོགས་ཤིག་བྱས་རྗེས། བློས་བླངས་དེ་ཉིད་ལག་ལེན་ཁྲོད་དུ་བསྐྱར་བཅོས་ཡང་བཅོས་གྲངས་མེད་བྱས་མཐར་ལེགས་གྲུབ་བྱུང་བ་ཁོ་ན་ཡིན་ལ། ང་ཚོས་ཀྱང་ཆོས་དང་འཇིག་རྟེན་གྱི་རྨང་གཞིའི་ཤེས་བྱ་འདིའི་རིགས་ལ་གོ་བ་གཏིང་ཟབ་རེ་བླངས་ཏེ། ཆེ་ཆུང་དང་མང་ཉུང་ལ་མ་ལྟོས་པའི་བྱ་བ་ཚད་ལྡན་རེ་མཐའ་འཁྱོལ་བྱེད་ཐུབ་ན་གཞི་ནས་མིའི་སྤྱི་ཚོགས་དང་འཚམ་པའི་བྱ་བ་ཞིག་བྱས་པ་རེད་སྙམ།

གསར་གཏོད་དང་སྔོན་ཐོན་ཡོད་ཚད་ཤེས་རབ་ཀྱི་ཉམས་ལེན་ལ་རག་ལས།

མིའི་རིགས་ཞེས་གཟེངས་སུ་མཐོ་བ་དང་། དེང་རབས་ཀྱི་ཚན་རྩལ་ཞེས་སྨོན་པ་འཆོར་བའི་རྒྱུ་རྐྱེན་མཐར་ཐུག་ནི། ཚོད་བགམ་དང་དབྱེ་འབྱེད་ཀྱི་ནུས་རྩལ་ཕུལ་དུ་བྱུང་བའི་ཤེས་རབ་འདི་ཉིད་ཡོད་པས་ཡིན། དེ་ཕྱིརལམ་རིམ་ཆེན་མོལས། མདོར་ན་ཡོན་ཏན་ཐམས་ཅད་ཤེས་རབ་ལས་འབྱུང་བ་ནི།  ཞེས་པ་ནས།  འཇིག་རྟེན་དག་ན་རྒྱུ་རྩལ་གཏེར་མཆོག་དང༌། །གཙུག་ལག་མིག་འདྲ་ཇི་སྙེད་ཡོད་པ་དང༌། །ཡོངས་སུ་སྐྱོབ་བྱེད་བློ་དང་སྔགས་ལ་སོགས། །རྣམ་བཀོད་ཆོས་ཀྱི་ཁྱད་པར་ཐ་དད་དང༌། །རྣམ་གྲངས་རྣམ་མང་རྣམ་ཐར་སྒོ་དག་དང༌། །འཇིག་རྟེན་ཕན་པའི་རྣམ་པ་དེ་དང་དེས། །རྒྱལ་སྲས་མཐུ་ཆེན་རྣམ་པར་སྟོན་བྱེད་པ། །དེ་དག་ཐམས་ཅད་ཤེས་རབ་མཐུ་ལས་འབྱུང༌། །ཞེས་སོ། །ཞེས་ཤེས་རབ་ཀྱི་ཉམས་ལེན་དང་ཕན་ནུས་རྒྱས་པར་བསྟན་ཡོད།

བློ་ངོར་ཤོང་བར་དཀའ་བའི་དེང་གི་ཚན་རྩལ་ཡང་དོན་དམ་དུ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ལོ་ངོ་སྟོང་ཕྲག་མང་པོར་ཚོད་བགམ་དང་དབྱེ་འབྱེད་ཀྱི་ཉམས་ལེན་ཟམ་མ་ཆད་པར་བྱས་པའི་ཐོག  ཕུལ་བྱུང་ཤེས་རབ་ཀྱི་རྟོགས་སད་པ་མང་པོ་འཁྲུངས་པ་གཉིས་ཟུང་སྡེབ་བྱས་པ་ལས་བྱུང་བ་ཡིན་ཏེ། དཔལ་ལྡན་དཔའ་བོས། བརྩོན་འགྲུས་གཅིག་པུ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ། ། ཅེས་གསུངས་པ་ལྟར་རོ། །

འོ་ན་ནང་བསྟན་ལས་གསར་གཏོད་དང་སྔོན་ཐོན་དགོས་པ་མང་དག་གསུངས་ཡོད་ན། ནང་བསྟན་པའི་ཁྲོད་དུ་གསར་གཏོད་མཁན་དང་། སྔོན་ཐོན་པ་མེད་པའི་རྒྱུ་མཚན་ཅི་ཞེ་ན། གསར་གཏོད་པ་མེད་པའང་མིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་ཤེ་སོགས་ལ་བརྟེན་ནས་དབུ་མའི་སྲོལ་གཏོད་པ་ནས། འཕགས་པ་ཐོག་མེད་ཀྱིས་ས་སྡེ་ལྔ་ལ་བརྟེན་ནས་རྣལ་འབྱོར་སྤྱོད་པ་བའི་སྲོལ་གཏོད། ཕྱོགས་གླང་གིས་ཚད་མ་ཀུན་བཏུས་མཛད་དེ་ཚད་མའི་སྲོལ་གཏོད་གནང་། བོད་དུ་ཡང་རྗེ་ཙོང་ཁ་པ་ཆེན་པོས་རྣལ་འབྱོར་སྤྱོད་པ་བ་དང་དབུ་མ་པའི་ལྟ་གྲུབ་ཀྱི་རྩ་འགང་ཕྲ་ས་ནས་གསལ་ཁ་མང་པོ་བཏོད་པས་རྐྱེན་གྱིས། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ། ། ཞེས་བཀུར་བཟོས་ཆེ་བ་སོགས་དོན་དངོས་ཡིན་མོད།  ནང་བསྟན་གྱི་ངོ་བོའི་ཆ་ནས་འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་པར་ལྟ་བ་དང་། ཚན་རིག་པས་རྙེད་པའི་གྲུབ་འབྲས་འདིའི་རིགས་ལ་དོ་སྣང་ཆེན་པོ་མ་བྱུང་བས་སྟོང་ཆ་ཤོར་བ་ཡང་དོན་དངོས་ཡིན།

འོན་ཏེ་ནང་བསྟན་རང་ངོས་ནས་འདིའི་རིགས་ལ་འབད་བརྩོན་མི་ཆོག་པར་ལྟ་བའི་ཀླད་རྙིང་མཁྲེགས་བཟུང་གང་ཡང་མེད་ཅིང་། སེམས་ཅན་ལ་ཕན་ན་བཙུན་པ་རབ་བྱུང་གི་སྡེས་ཀྱང་ཚན་རྩལ་ལ་འབད་དེ་གྲུབ་འབྲས་ལེན་དགོས་པར་དོན་གྱིས་བསྟན་ཡོད་དེ།  བྱང་ཆུབ་ལམ་རིམ་ཆེན་མོལས། བསྟན་པ་ལ་མི་མོས་པ་རྣམས་ཚར་བཅད་པའི་ཕྱིར་སྒྲ་དང་གཏན་ཚིགས་རིག་པ་དང༌། མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར་བཟོ་དང་གསོ་བ་རིག་པ་དང༌། རང་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར་ནང་རིག་པ་ཚོལ་བ་ནི་དགོས་པ་བྱེ་བྲག་པ་ཡིན་ལ། དེ་ཐམས་ཅད་ཀྱང་སངས་རྒྱས་འཐོབ་པའི་ཕྱིར་དུ་འཚོལ་བ་ནི་བྱེ་བྲག་མེད་པའོ། ། ཞེས་གསུངས། དེས་ན་མོས་པ་ལ་ཕན་གདགས་པའི་ཕྱིར་བཟོ་དང་གསོ་བ་ལ་བསླབ་དགོས་པར་དངོས་སུ་བསྟན་ཡོད་པས། མོས་པ་ལ་ཕན་གདགས་པའི་ཕྱིར་དེང་གི་ཚན་རྩལ་ལ་བསླབ་དགོས་པ་ཡང་ཤེས་ཐུབ་པས་སོ། །

དེས་ན་ཚན་རྩལ་གྱི་ལམ་ནས་སྟབས་བདེ་ཞིང་སྤྱོད་སྒོ་ཆེ་བའི་འཕྲུལ་ཆས་སྣ་ཚོགས་གསར་གཏོད་དང་སྤྱི་ཚོགས་ལ་དགེ་ཕན་བླ་ན་མེད་པ་བསྐྲུན་པས། འཕྲུལ་ཆས་འདི་དག་མེད་སོང་ན་སུ་ཡང་སྤྱི་ཚོགས་ཐོག་གནས་མི་ཐུབ་པ་ལྟ་བུ་འཛམ་བུ་གླིང་པའི་ཡིད་ཁམས་ཡོངས་སུ་འགུགས་བཞིན་ཡོད། བོད་བརྒྱུད་ནང་བསྟན་རིག་ལམ་སྨྲ་བ་རྣམས་ཀྱིས་གསུང་ཚུལ་ལྟར་ན། མཐོ་སངས་རྒྱས་ནས་དམའ་མནར་མེད་ཡན་གྱི་ཕྱི་སྣོད་ཆགས་དབྱིབས། ནང་བཅུད་ཀྱི་ཚེ་རབས་ཀུན་འཐད་སྒྲུབ་ཀྱི་རིགས་པས་གཏན་ལ་དབབ་ཐུབ་ཅེས་གསུངས། འོན་ཏེ་རྒྱ་གར་ནག་བར་ཁ་པར་བརྒྱུད་ནས་མཉམ་དུ་ཡོད་པ་བཞིན་ཁ་བརྡ་བྱེད་ཐུབ་པའི་རྒྱུ་མཚན་གང་ཡིན། རླངས་འཁོར་ཞེས་འབོད་དགོས་པའི་རྒྱུ་མཚན་དང་ཐོག་མའི་རླངས་འཁོར་གང་འདྲ་བཟོས་མིན། དགུ་ཚིགས་སྐྱ་མོ་རེ་རེའི་ནང་ཉི་མའམ་སྐར་མ་ག་ཚོད་ཡོད་མེད། བོད་ཀྱི་ཡུལ་ལ་མཐོ་སྒང་ཞེས་འབོད་དགོས་པའི་རྒྱུ་མཚན་མཐར་ཐུག་གང་འདྲ་ཡིན་མིན་སོགས། འཛམ་གླིང་ཤར་ནུབ་ཡོངས་ཀྱི་རྒྱུན་ཤེས་སུ་གྱུར་ཟིན་པ་ཙམ་ཡང་མ་ཤེས་ན་གཞན་གྱིས་མཐོང་ཆུང་ཉོ་བྱེད་ཙམ་ལས་ཡོང་དཀའ་བས། དུས་རབས་ཀྱི་ནང་པས་དུས་རབས་ཀྱི་རྨང་གཞིའི་འགྲོ་སྟངས་ཅིས་ཀྱང་བསླབ་དགོས་པ་འདུག་སྙམ།

མདོར་ན། ནང་བསྟན་རང་གི་གཞི་ལམ་འབྲས་གསུམ་གྱི་ལྟ་གྲུབ་ཀུན་ལེགས་ཉེས་འབྱེད་པའི་ཤེས་རབ་སྲོག་ཤིང་བྱས། གཏན་ཚིག་རིགས་པའི་རྨང་བཏིངས་ནས་བཞེངས་བསྐྲུན་བྱས་ཡོད་པས། གཏན་ཚིག་རིག་པའི་ཆོས་ལུགས་ཤིག་ཡིན་པར་སྨྲས་ཀྱང་མི་ཆོག་པ་མེད། ནང་བསྟན་ལས་ལྟ་གྲུབ་གང་ཞིག་རིག་པ་དང་འགལ་བར་གྱུར་ན་འདོར་ལེན་བྱེད་ཆོག་པའི་དབང་ཚད་ཀྱང་གདུལ་བྱ་དག་ལ་གནང་ཡོད་དེ། དྲང་ངེས་ལེགས་བཤད་སྙིང་པོལས།  མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང༌། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པས་སྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། ། ཞེས་དང་། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོལས། དྲང་བའི་དོན་དང་ངེས་པའི་དོན། །སྒྲ་ནི་ཇི་བཞིན་ཇི་བཞིན་མིན། །དགོངས་པ་དང་ནི་དགོངས་པ་མིན། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པ་འམ། །གཞན་གྱིས་མཁས་པ་འཇུག་མི་བྱ། །  ཞེས་བཀའ་ཡིས་དབང་ཚད་གནང་སྟངས་འདི་ལས་གོ་ཐུབ་པ་ནི། འཐད་སྒྲུབ་ཀྱི་རིགས་པའི་རྗེས་སུ་འབྲངས་ཏེ་དུས་རབས་ཀྱི་ཚད་བཀག་ཐེབས་པའི་ཡུལ་སྲོལ་དག་ལ་འདོར་ལེན་བྱེད་ཆོག་པ་དེའོ། །