浅论“知母思想”如何建造和平

发布时间: 2018-03-26 09:52:00 来源: 更登群培

【内容摘要】上至宝座上的喇嘛,国王,下至流落于街头的乞丐,甚至小动物如昆虫,蚂蚁等诸有情众生无不希望和平与和谐。但因民族,宗教,习俗,思想和思维能力相异,人们对何为世界和平之根基有不同的看法,本文中笔者依据佛典,运用理证,论证了“知母思想”是世界和平之必要前提,对其至关重要,并以直接或间接的形式服务于世界和平。

关键词:和平、知母、报恩

ཟབ་དང་རྒྱ་ཆེ་ཤིང་རྟ་ཆེན་པོའི་སྲོལ། །

ལེགས་པར་གསལ་མཛད་འཛམ་གླིང་མཛེས་པའི་རྒྱན། །

བདེ་གཤེགས་སྲས་པོ་ཐུབ་དབང་གཉིས་པའི་རྗེ། །

མགོན་པོ་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། དེ་ཡང་གོ་ལ་ཟླུམ་པོའི་ཁྱོན་འདིར་ཁྱབ་པའི་འགྲོ་བ་མིས་གཙོས་པའི་སྲོག་ལྡན་གང་འདྲ་ཞིག་ཡིན་ཕྱིན། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་། ལུས་བདེ་སེམས་སྐྱིད་ཀྱི་ཆེད་དུ་འབད་མཁན་ཤ་སྟག་ཡིན་ཏེ། དེ་ཡང་སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ ། བདེ་བ་འདོད་དུ་མཚུངས་པ་ལ། ། གང་ཚེ་བདག་དང་གཞན་གཉིས་ཀ ། སྡུག་བསྔལ་མི་འདོད་མཚུངས་པ་ལ། ། ཞེས་གསུངས་པ་ལྟར་རྒྱ་ཆུང་ས་ནས་བཤད་ན་རང་ཉིད་བདེ་བ་ཙམ་མ་ཟད། རང་གི་འཁོར་ཉེ་རྣམས་ཀྱང་བདེ་བ་འདོད་པ་དང་། སྡུག་བསྔལ་གྱི་མིང་ཙམ་ཡང་མཐོང་ཐོས་མེད་པའི་སེམས་ཁམས་ཤིག་སྐྱེ་དུས། རང་ཆས་སུ་གནས་ཡོད་པ་ནི་སྐྱེ་འགྲོ་ཚང་མའི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་ཡིན་ལ། རྒྱ་ཆེ་ས་ནས་བཤད་ན་དབུགས་ལྡན་གྱི་སྐྱེ་འགྲོ་ཡོད་དོ་ཅོག་ལ་བདེ་བ་བྱུང་ལ་སྡུག་བསྔལ་མི་འབྱུང་བ། སོ་སོའི་སེམས་ཀྱི་གཏིང་ནས་འདྲ་མཉམ་དང་འཆམ་མཐུན་མཉམ་གནས་ངང་ཞི་བདེ་ལྷིང་འཇགས་ཀྱི་ཚེ་གང་སྐྱེལ་ཐུབ་པའི་འདུན་པ་དེ་ཡིན། འདུན་པ་དེ་ནི་ནང་ཆོས་ཀྱིས་སྐུལ་སློང་ལས་བྱུང་བ་མིན་ལ་རྒྱལ་ཁྲིམས་ཀྱིས་བཟོས་པ་དེ་བས་ཀྱང་མིན། དེ་ནི་ང་རང་ཚོའི་ལུས་ལ་ཁྱབ་པའི་རྣམ་ཤེས་སམ་སེམས་ཁམས་ཀྱི་ཚོར་སྣང་ཞིག་ལས་བྱུང་བ་ཡིན། མཁས་དབང་དང་། བསམ་བློ་བ་ཚོས་མི་དང་མིའི་བར་དང་། མི་རིགས་དང་མི་རིགས་ཀྱི་བར། དེ་བཞིན་རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་བར་འཁྲུག་པ་དང་རྩོད་པ་ལ་སོགས་པ། ཡ་ང་བའི་དཀའ་ངལ་དེ་དག་ཞི་བའི་ཐབས་ལམ་སོ་སོའི་བསམ་གཞིགས་ལས་བྱུང་བའི་བློ་གྲོས་ཀྱི་ནུས་པ་ལ་བརྟེན་ནས་བཞག་པ་དེ་ནི་མ་གྲོས་གཅིག་མཐུན་དུ་ཡོད་པའི་ཞི་བདེ་དེ་ཡིན། དེ་ལྟ་བུའི་ཞི་བདེ་དེ་གང་ལ་བརྟེན་ནས་བྱུང་མིན་བསམ་བློ་བ་ཚོས་སྔོན་དུ་སྡོམ་ཚིག་སྣ་ཚོགས་ཤིག་བྱས་ཡོད་མོད། འོན་ཀྱང་འཛམ་གླིང་འདིར་འཚོ་སྡོད་བྱེད་པའི་དུད་ཚང་ཆུང་ངུ་ཞིག་ལ་ཆ་མཚོན་ན་འཁྲུག་རྩོད་སོགས་མེད་པའི་ཞི་བདེ་ལྡན་པའི་ཁྱིམ་ཚང་ཞིག་ད་དུང་ཡང་ཆགས་ཐུབ་མེད་པ་ནི་ང་ཚོ་ཐུན་མོང་གི་མཐོང་ཆོས་སུ་ཡོད་པ་ཡིན། དེར་བརྟེན་རང་ཉིད་ཀྱིས་བསམ་ཚུལ་གསར་པ་མར་ཤེས་ཀྱི་ལྟ་བ་དམིགས་སུ་བཟུང་ནས་མར་ཤེས་ཀྱི་ལྟ་བས་ཞི་བདེར་ལེགས་སྐྱེས་འབུལ་ཚུལ་གྱི་སྐོར་ལ་ཅུང་ཟད་དཔྱད་དེ། གཞན་གྱི་ལད་མོ་ཙམ་མ་ཡིན་པར་བློ་དཀར་གཞན་ཕན་གྱི་ལྷག་བསམ་མཚོན་ཙམ་ཞིག་འབྲི་བར་འདོད།

དང་པོ། ཞི་བདེ་ངོས་འཛིན།

དེ་འཆད་པ་ལའང་རྣམ་པ་གཉིས་ཏེ། སྤྱིར་ཞི་བདེ་ཟེར་བ་དེ་འཚེ་བ་མེད་པའི་ལམ་ཞིག་ལ་གོ་དགོས། ཡིན་ཡང་དེང་རབས་ཀྱི་འཛམ་གླིང་སྤྱིས་འདོད་པའི་ཞི་བདེ་དང་ནང་པ་སངས་རྒྱས་པའི་ཆོས་གཞུང་ཁག་ནས་བཤད་པའི་ཞི་བདེ་དེ་གཉིས་ཀྱི་ཁྱབ་ཆེ་ཆུང་དང་ཚད་མཐོ་མིན་གྱི་ཁྱད་པར་ཡོད། དེང་རབས་པ་རྣམས་ཀྱིས་འདོད་པའི་འཛམ་གླིང་ཞི་བདེ་ནི་གཙོ་བོ་ཡུལ་ལུང་ཕན་ཚུན་དང་། མི་རིགས་ཕན་ཚུན། དེ་བཞིན་རྒྱལ་ཁབ་ཕན་ཚུན་བར་འཁྲུག་རྩོད་དང་། ནད་ཡམས། མུ་གེ་མེད་པ། མདོར་ན་ཕྱིའི་ལུས་ངག་གཉིས་ཀྱི་སྒོ་ནས་གཞན་ཕ་རོལ་པོར་མི་འཚེ་བ་དང་གནོད་པ་མེད་པ་ཞིག་ལ་ཟེར་རོ། ནང་པ་སངས་རྒྱས་པའི་ཆོས་གཞུང་ཁག་ནས་བཤད་པའི་ཞི་བདེ་ནི་དེང་རབས་པ་རྣམས་ཀྱི་བཤད་ཚུལ་དེ་ཙམ་དུ་མ་ཟད། གཙོ་བོ་ནང་སེམས་ཀྱི་སྟེང་གི་ཉོན་མོངས་པ་དང་མི་ཤེས་པའི་རྒྱུ་ལས་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ། ང་རྒྱལ་དང་ཕྲག་དོག་ལ་སོགས་པའི་རྩུབ་རེག་ཐམས་ཅད་ཞི་ནས། དེའི་འབྲས་རྟགས་སུ་སིམ་པའི་མྱོང་བའམ་བདེ་བ་ཁྱད་པར་བ་ཞིག་སྐྱེས་པ་ལ་ཞི་བདེ་ཞེས་འདོད། ལྷག་ཏུ་དེང་སྐབས་ཀྱི་མཐོང་ཆོས་སུ་ཡོད་པའི་མ་ཞི་བ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ཀྱི་ཉེ་རྒྱུ་དེ་བཀག་ནས་བཤད་ཡོད་དེ། མྱ་ངན་ལས་འདས་པའི་མདོ་ལས། རབ་ཏུ་ཞི་བ་དེ་བདེའོ།  ཞེས་དང་། དེ་དག་ཉེ་བར་ཞི་བ་བདེ། ཞེས་གསུང་པ་ལྟར་ཕྱིའི་ལུས་ཀྱི་ཐོག་ནས་སྲོག་མ་བཅད་པ་དང་། མ་བྱིན་པར་མི་ལེན་པ། མི་ཚངས་པར་མི་སྤྱོད་པ། ངག་གི་ཐོག་ནས་རྫུན། ཕྲ་མ། ཚིག་རྩུབ་མ་སྨྲས་པ་དེ་ཙམ་གྱིས་མི་ཆོག་པ། གཙོ་བོ་ནང་སེམས་ཀྱི་སྒོ་ནས་རང་ལས་ཐ་དད་པའི་སྲོག་ལྡན་ཐམས་ཅད་ལ་བརྣབ་སེམས་དང་། གནོད་སེམས། ལོག་ལྟ། འདོད་ཆགས། ཞེ་སྡང་། ང་རྒྱལ། འགྲན་སེམས། ཁོང་ཁྲོ་ལ་སོགས་པ་དེ་རྣམས་མངོན་འགྱུར་དང་བག་ལ་ཞ་བ་གང་དུ་ཡང་མེད་པར་བཟོས་ཏེ་ལུས་ངག་ཡིད་གསུམ་གྱི་ཐོག་ནས་སྲོག་ལྡན་སྐྱེ་འགྲོ་ཐམས་ཅད་ལ་གནོད་པའི་བྱ་བ་ངན་པ་མཐའ་དག་རབ་ཏུ་ཞི་བ། དེ་ལས་རང་སེམས་སུ་ཡང་བདེ་བ་ཁྱད་པར་བ་ཞིག་སྐྱེས་པ་འདི་ཉིད་ནང་པ་སངས་རྒྱས་ཀྱི་ཞི་བདེ་ཡིན།

གཉིས་པ། མར་འཛིན་པའི་འདུ་ཤེས་དང་དེའི་བྱེད་ལས་བཤད་པ།

1 མར་འཛིན་པའི་འདུ་ཤེས་ནི། རང་གི་ཚེ་འདིའི་དྲིན་ཆེན་གྱི་ཨ་མ་དེ་རང་གི་ཨ་མ་ཡིན་བསམ་པའི་འདུ་ཤེས་དེ་ཙམ་གྱི་མི་ཆོག་པར་སྲོག་ལྡན་གྱི་སྐྱེ་འགྲོ་ཐམས་ཅད་རང་གི་ཨ་མ་བྱེད་མྱོང་བར་བསམ་དགོས་པ་དེ་ཡིན། དེ་ཡང་སེམས་ཅན་ཐམས་ཅད་ཨ་མ་བྱེད་མྱོང་བར་བསམ་དགོས་ཚུལ་ནི། འཇུག་འགྲེལ་དགོངས་པ་རབ་གསལ་ལས། འཁོར་བ་འདི་ནི་ཐོག་མ་མེད་པས་འདིར་སྔར་ངན་རྟོག་ཅི་ཞིག་མ་བྱུང་ཕྱིས་ཀྱང་ཅི་ཞིག་མི་འབྱུང་ཞིང་ཞེས་གསུངས་པ་ལྟར་འཁོར་བ་ལ་ཐོག་མའི་མཐའ་མེད་པ་བཞིན་དུ་རང་གི་སྐྱེ་བ་ལའང་ཐོག་མའི་མཐའ་མེད་པ་ཡིན། དེ་བཞིན་རང་གི་ཨ་མ་ལའང་ཐོག་མ་མེད་པ་དེ་ནས་མངོན། རང་ལ་དཔེར་མཚོན་ན་ཚེ་འདིའི་ཨ་མ་ཡོད་པ་ལྟར་དུ། དྲོད་སྐྱེས་དང་། རྫུས་སྐྱེས་མ་གཏོགས་པའི་མངལ་སྐྱེས་དང་། སྒོང་སྐྱེས་གང་གི་ལུས་བླངས་ཀྱང་ཨ་མ་རེ་ལ་མ་བརྟེན་པར་ཡོང་ཐབས་མེད། དེས་ན་ང་ཚོས་སྐྱེ་བ་ལེན་པ་ལ་གྲངས་ཀྱིས་མི་ཆོད་པ་དང་། སྐྱེ་བ་བརྒྱ་སྟོང་འབུམ་ཕྲག་གྲངས་མེད་སོགས་ལེན་པ་ལའང་ཨ་མ་གྲངས་མེད་དགོས་པས་སེམས་ཅན་ཐམས་ཅད་རང་གི་ཨ་མ་བྱེད་མྱོང་བ་དེ་ནས་གྲུབ། དེར་མ་ཟད་སེམས་ཅན་ཐམས་ཅད་རང་གི་ཕ་མར་བརྩིས་ནའང་གྲངས་ཀྱི་མི་ལངས་པར་འགྱུར་བ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། སེམས་ཅན་རེ་རེ་ཡང་བསྐལ་པ་གཅིག་ལ་ལུས་ཀྱི་རུས་པ་བརྩིགས་ན་རྒྱལ་པོའི་ཁབ་ཀྱི་རི་བོ་བས་ཆེའོ། ནུ་ཞོ་འཐུང་བའང་རྒྱ་མཚོའི་ཆུ་བས་མང་ངོ་། ལུས་ཀྱི་ཁྲག་འཛག་པའང་རྒྱ་མཚོ་བཞི་བས་མང་ངོ་། ཚེའི་དུས་བྱས་པ་ན་ཕ་མ་དང་ཕུ་ནུ་དང་། ཆུང་མ་དང་། བུ་དང་། གཉེན་བཤེས་ཀྱིས་ངུས་པའི་མཆི་མ་ཡང་རྒྱ་མཚོ་བཞི་བས་མང་ངོ་། ཕ་མར་བརྩིས་ནའང་གྲངས་ཤེས་པར་མི་ནུས་སོ།  ཞེས་དང་། བཤེས་སྤྲིངས་ལས་ཀྱང་། མ་ཡི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་གྲངས་ཀྱང་ས་ཡི་ལང་མི་འགྱུར། ། ཞེས་རང་རེ་འཁོར་བ་ན་སེམས་ཅན་གྱི་ལུས་བླངས་པ་ལ་གྲངས་ཀྱིས་མི་ཆོད་ཅིང་། སེམས་ཅན་འདིའི་ལུས་མ་བླངས་བྱ་བ་གཅིག་ཀྱང་མེད། སེམས་ཅན་འདིས་བདག་གི་མ་མ་བྱས་བྱ་བ་གཅིག་ཀྱང་མེད། ས་ཕྱོགས་འདིར་སྐྱེ་བ་ལེན་མ་མྱོང་བྱ་བ་ཡེ་ནས་མེད་ལ། ཕ་དང་མ། ཆུང་མ་དང་། བུ་ཕྲུག ཕུ་ནུ་ལ་སོགས་པའི་གཉེན་དུའང་མ་གྱུར་པ་མེད་པ་ཡིན། དེ་ཡང་། སའི་དངོས་གཞི་ལས། སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད་མ་སྐྱེས་པ་དང་། མ་སོང་བ་དང་། མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའ་འོ། །ཡུན་རིང་པོ་འདས་པ་ནས། སེམས་ཅན་གང་ཁྱེད་ཀྱི་ཕའམ་མའམ། ཕུ་ནུའམ། སྲིང་མོའམ། སློབ་དཔོན་ནམ། མཁན་པོའམ། བླ་མའམ། བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའ་འོ། ཞེས་དང་། བཀུར་བསྐྱངས་དང་མཐོང་ཚུལ་ཕུན་སུམ་ཚོགས་པའི་ལེའུ་ལས་ཀྱང་། ཕ་མ་མ་གྱུར་སུ་ཡང་མེད། །བུར་མ་གྱུར་པའང་ཅིག་ཀྱང་མེད། །ཕ་མ་བུ་ཚ་འབའ་ཞིག་ཡིན། ཞེས་གསུངས་སོ། མདོར་ན་འཇིག་རྟེན་འདིར་རང་ལ་ཆེས་ཤིན་ཏུ་ནས་སྙིང་ཉེ་བའི་ཚེ་འདིའི་དྲིན་ཆེན་གྱི་ཨ་མ་འདི་སྔར་རང་གི་མ་བྱེད་མྱོང་བ་དང་། མ་འོངས་པ་ན་བྱ་བར་འགྱུར་པ་དང་། ད་ལྟའང་བྱེད་བཞིན་པ་ལ་ངེས་པ་བརྟན་པོ་རྙེད་པར་བྱས་ཏེ། རང་དང་བར་ཐག་ཉེ་བའི་ཡུལ་མི་ཁྱིམ་མཚེས་དང་སྒོ་ཁང་གི་དུད་འགྲོ། དེ་བཞིན་གོ་ལ་ཟླུམ་པོའི་སྟེང་དུ་འཚོ་ཞིང་སྡོད་པའི་སྲོག་ལྡན་དེ་དག་ལ་རང་གི་ཚེ་འདིའི་ཨ་མ་ལྟར་བློ་ཉེ་བའི་བསམ་པ་ངང་གིས་སྐྱེས་པར་བྱས་ནས་ཐམས་ཅད་ལ་མར་འདུ་ཤེས་དགོས། དེ་ཡང་། ཁྲི་བརྒྱད་སྟོང་པ་ལས། སེམས་ཅན་ཐམས་ཅད་ལ་མའི་སེམས་བསྐྱེད་པར་བྱའོ། །སྤུན་དང་། སྲིང་མོ་དང་། མཛའ་ཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱི་སེམས་བསྐྱེད་པར་བྱའོ། ། ཞེས་དང་། བྱང་སེམས་ནོར་བུའི་འཕྲེང་བ་ལས་ཀྱང་། སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། ། ཅེས་གསུངས་སོ། །མར་འདུ་ཤེས་པའི་ཚད་ནི། དཔེར་ན་ང་ཚོ་སེམས་གཡེང་ནས་གཡང་ས་ལྟ་བུ་ཞིག་ལ་ལྷུང་ཁར་ཨ་མ་ཞེས་པའི་སྒྲ་ཐོལ་གྱི་ཐོན་ཡོང་བ་ཡིན། དེ་དུས་ཨ་མར་བཅང་བའི་བརྩེ་སེམས་ཟབ་མོའམ་འདུ་ཤེས་བླ་ན་མེད་པ་ཞིག་སྐྱེས་པ་ཡིན་པས་དེ་ལྟ་བུའི་མར་འཛིན་གྱི་འདུ་ཤེས་ཤིག་རང་གི་སེམས་ངོ་ནས་སྲོག་ལྡན་ཐམས་ཅད་ལ་མ་བཅོས་ངང་གིས་གྲུབ་ན་གཞན་སེམས་ཅན་ལ་གནོད་པ་དང་འཚེ་བའི་བསམ་པ་སྐྱེ་བའི་གནས་དང་སྐབས་མེད་པ་ཡིན་ལ། དེས་ན་གཞན་སེམས་ཅན་ཐམས་ཅད་ལ་མར་འཛིན་པའི་འདུ་ཤེས་ཤིག་ཡོད་ན་དེ་ནི་རང་གཞན་སུ་ལའང་ཕན་ཐོགས་ཤིང་བདེ་བའི་འབྲས་བུ་བསྐྲུན་པའི་རྒྱུ་བླ་མེད་ཅིག་ཡིན་པ་ཡང་ངེས་པར་དུ་ར་འཕྲོད་པ་ཡིན་ནོ། །

2 མར་ཤེས་ཀྱི་བྱེད་ལས་བཤད་པ། དེ་ལྟར་སྲོག་ལྡན་མཐའ་དག་ཨ་མ་ཡིན་པར་འདུ་ཤེས་ན། ཐོག་མ་མེད་པ་ནས་རང་ཉིད་བཀའ་དྲིན་ཆེན་པོས་བསྐྱངས་པ་ཤ་སྟག་ཡིན་པར་ངེས་པ་རྙེད་སླ་བ་ཡིན། དེ་ཡང་རང་གི་མིག་མདུན་དུ་ཡོད་པའི་ཚེ་འདིའི་དྲིན་ཆེན་གྱི་ཨ་མ་ལྟ་བུར་ཆ་མཚོན་ན། ཨ་མས་ཟླ་དགུ་ངོ་བཅུའི་རིང་ལུས་ལ་ཁུར། དེ་ཙམ་དུ་མ་ཟད་པར་ལུས་ལ་ཁུར་བའི་རིང་ཨ་མ་རང་ཉིད་ལ་ཆམ་པ་དྲག་པོ་ཞིག་ཕོག་ཀྱང་བུ་ལ་གནོད་དོགས་ནས་སྨན་ཟ་མ་ནུས། ལེགས་པའི་གོས་ཞིག་གྱོན་ཡང་སྐ་རགས་དམ་པོར་འཆིང་མ་ནུས། རང་གི་ཟ་འདོད་པའི་ཞིམ་པའི་ཟས་དང་བཏུང་འདོད་པའི་སྐོམ་སོགས་ཡོད་ཀྱང་བུ་ལ་གནོད་ཀྱི་དོགས་ནས་ཟ་མ་ནུས་བཏུང་མ་ནུས། མཚན་མོར་འགུལ་བསྐྱོད་སྣ་ཚོགས་ཤིག་བྱེད་འདོད་ཀྱང་བུ་ལ་གནོད་ཀྱི་དོགས་ནས་བྱེད་མ་ནུས། རང་གི་བདེ་བ་ཐམས་ཅད་ཕངས་མེད་དུ་དོར་ནས་བུ་ལ་ཕན་ཐབས་འབའ་ཞིག་ཏུ་ཟ་ལུགས་འགྲོ་ལུགས་སྡོད་ལུགས་མཐའ་དག་གཟབ་གཟབ་ནན་ཏན་གྱིས་བསྒྲུབས་ཏེ་མཐར་རང་གི་ཚེ་སྲོག་ལ་ཐུག་པའི་ཟུག་གཟེར་སྣ་ཚོགས་ཀྱི་ཁྲོད་ནས་མི་ལུས་རིན་པོ་ཆེ་བྱིན། ལུས་ལ་ཟུག་གཟེར་སྣ་ཚོགས་ཤིག་མྱང་ཡང་ད་དུང་ཁྲོ་བ་ཅུང་ཟད་ཀྱང་མེད་པར་སྐྱེས་མ་ཐག་ཏུ་མི་དབུལ་པོར་གཏེར་རྙེད་པ་ལྟ་བུའི་དགའ་ཚོར་ཆེན་པོ་བྱས་ཏེ་རང་གི་ལག་པ་གཉིས་ཀྱི་སྦར་མོའི་དབུས་སུ་བཟུང་ནས་ངའི་སྙིང་གི་ནོར་བུ་དང་ནོར་བུ་ཞེས་འབོད་བཞིན་དུ་རང་གི་ཤའི་དྲོད་ལ་སྦྱར། བརྩེ་བའི་མིག་གི་བལྟས། དགའ་བའི་འཛུམ་གྱིས་བསུས། འཇམ་པའི་གདན་ལ་བཞག སྣབས་དང་། མི་གཙང་བ་སོགས་ཨ་མས་འཕྱིས། ཉིན་གང་པོར་བུ་ཡི་གཡོག་མ་ཚར་བ་ལུས། ཐ་ན་ཨ་མ་རང་ཉིད་ཐུན་རེའི་ཟས་ཟ་བའི་དུས་སུའང་བུ་ཡི་ངུ་ངག་ཅུང་ཟད་རེ་ཐོས་པས་ཟ་འཕྲོ་འཐུང་འཕྲོར་བཞག་ནས་སེམས་ཁྲལ་ ངང་བུ་ཡི་འགྲམ་ལ་རྒྱུགས་ནས་ཟས་ཀྱང་ལྷོད་བདེར་ཟ་ཁོམ་མེད་པ། ཕྱི་ལོགས་སུ་ལས་ཀ་ཆེ་ཆུང་ག་འདྲ་ཞིག་བྱེད་དུ་ཕྱིན་ཀྱང་སེམས་རྣལ་དུ་མ་ཕབ་པར་སེམས་འཚབ་ངང་རང་གི་ལས་བྲེལ་ལ་མ་ལྟོས་པར་བུ་ལ་གནོད་ཀྱི་དོགས་ནས་ཡུད་ཙམ་ཡུད་ཙམ་ནས་བུ་ཡི་འགྲམ་ལ་ལྟ་བར་འོང་། མཚན་མོའི་དུས་སུའང་བུ་རང་གི་འོག་ཏུ་ཚུད་ནས་བསད་དོགས་དང་། གཡང་ལ་ལྷུང་དོགས་ཀྱི་སེམས་ཁྲལ་ཁོ་ནས་ལྷོད་བདེར་ཉལ་མ་ཕོད། དེར་མ་ཟད་འགྲོ་ཐུབ་ཙམ་ནས་གོམ་པ་སྤོ་སྟངས་དང་། ཨ་ཕ་ཨ་མ་ཟེར་བའི་གཏམ་སྨྲ་སྟངས། ཟ་ལུགས། འགྲོ་ལུགས། སྡོད་ལུགས་སོགས་ཚང་མ་བསླབས། དེ་ཡང་རིམ་བཞིན་ནར་སོན་ནས་ཆོས་སྒོར་བཅུགས་པ་དང་། ཡུལ་གཞན་དུ་མནའ་མ་དང་། མག་པ་སོགས་སུ་བརྫངས་ནས་ཚེ་འདིའི་ཟས་གོས་བཏུང་གསུམ་ལ་ཐོགས་པ་མེད་པའི་གནས་ཤིག་ཏུ་སླེབས་ཡོད་ཀྱང་། ད་དུང་སེམས་ཀྱིས་མ་བཟོད་པར་བུ་ལ་ཤ་དང་། རྩམ་པ། མར། ཤིང་ལ་སོགས་པའི་ཡོ་ཆད་སྣ་ཚོགས་རང་ཉིད་སྐྱེལ་དུ་འགྲོ་བ་དང་། གཞན་བརྒྱུད་དེ་བསྐུར་བ་སོགས་བྱས། མདོར་ན། ཕ་མས་མི་ཚེ་གང་པོར་ཟ་ཚོད་བཏུང་ཚོད་བྱས་ནས་བསགས་པའི་རྒྱུ་ནོར་ཡོད་ཚད་དང་། རང་གི་ཕ་མའི་ཡང་ཕ་མས་བསགས་པའི་རྩ་ཆེན་གྱི་ནོར་བུ་གཟི། གཡུ། བྱུ་རུ། མུ་ཏིག ཐ་ན་ལྭ་བ་རྙིང་པ་དང་། ཚེ་རིང་སྐྱིན་ཁེབས་སོགས་རང་གི་གྱོན་མ་ནུས་པ་བཏགས་མ་ནུས་པ་རྣམས་འཕངས་མེད་དུ་བུ་ལ་བྱིན། བྱིན་པ་ཙམ་དུ་མ་ཟད་རྒྱུ་ནོར་ཡོད་ཚད་བུ་ལ་འཕྲོད་སོང་བསམ་ནས་དགའ་ཚོར་ཆེན་པོ་བྱས། བུ་ཡི་ཆེད་དུ་རང་ལ་གཞན་གྱིས་མཐོང་ཆུང་དང་། ཁྱད་གསོད། ཐུབ་ཚོད། གཏམ་ངན་སྣ་ཚོགས་ཤིག་སྨྲ་ཡང་ཐམས་ཅད་ལ་བཟོད་སྲན་དང་། གདོང་ལེན་བྱས་ཏེ་རང་སྲོག་བློས་བཏང་གི་ཐོག་ནས་རང་གི་མིག་འབྲས་བཞིན་དུ་གཅེས་པའི་སེམས་ཀྱིས་བསྐྱངས་པས་བཀའ་དྲིན་ཆེ་བ་ཡིན། དེ་ལྟར་ཚེ་འདིའི་ཨ་མས་མི་ཚེ་ཧྲིལ་པོར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་རང་ཉིད་བཀའ་དྲིན་ཆེན་པོའི་སྒོ་ནས་བསྐྱངས་པ་དེ་ཡང་ཡང་དྲན་པའི་སྒོ་ནས་རང་གི་ཕ་དང་། སྤུན་དང་། མཛའ་ཤེས་དང་། ཡུལ་མི་དང་། དེ་བཞིན་གོ་ལ་ཟླུམ་པོར་འཚོ་བའི་སེམས་ཅན་ཐམས་ཅད་རང་གི་ཨ་མ་བྱེད་མྱོང་ཞིང་ཨ་མ་བྱེད་པའི་སྐབས་དྲིན་གྱིས་བསྐྱངས་པ་ལའང་ཁྱད་མེད་པས་དབུགས་ལྡན་གྱི་འགྲོ་བ་ཐམས་ཅད་ལ་ཚེ་འདིའི་ཨ་མ་ལྟར་དུ་བཀའ་དྲིན་ཅན་དུ་མཐོང་དགོས་པ་ཡིན། །

དེ་ལྟར་བཀའ་དྲིན་ཆེན་པོས་བསྐྱངས་པ་ཤེས་ཀྱང་བཀའ་དྲིན་གཟོ་འདོད་ཀྱི་བསམ་པ་མེད་པ་ནི་ཤིན་ཏུ་སྨད་པའི་སྐྱེ་བོ་མ་རབས་པ་ཞིག་གི་བྱེད་ལུགས་ཡིན། དེ་ཡང་དཀའ་ཆེན་ངག་སྒྲོས་ལས། ཉམ་ཐག་ཤོས་ནི་ཤེས་ནས་ཉམས་ལེན་མི་བྱེད་མཁན་དེ་ཡིན།  ཞེས་དང་། སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ལས་ཀྱང་། བཟང་ལ་ལན་ཡོད་བཟང་པོ་སྟེ། །དྲིན་གཟོ་མེད་ན་ངན་པ་ཡིན། །  ཞེས་གསུངས་པ་ལྟར། ང་ཚོ་འཇིག་རྟེན་པ་ཞིག་ལ་ཆ་མཚོན་ན། མི་གཞན་ཞིག་ལ་ཕར་ཟས་གོས་སོགས་ཅུང་ཟད་རེས་ཕན་བཏགས་ཀྱང་ཚུར་རང་ཉིད་ལ་ཕན་ལན་མེད་ན་མི་དེ་ངན་པ་མ་རབས་ངོ་ཚ་མེད་པ་ཞིག་ཏུ་བརྩི་བ་དང་། བསམ་ཤེས་མེད་པའི་མི་དེ་ལ་ཕན་ཐོགས་བྱེད་པ་ལས་ཁྱི་དུད་འགྲོ་ལྟ་བུ་ཞིག་ལ་ཕན་ཐོགས་བྱས་ན་དགའ། དུད་འགྲོས་ཀྱང་རང་ལ་ཕན་བཏགས་མཁན་དེ་ལ་གནོད་པ་མི་སྐྱེལ་པར་ཕན་ལན་རེ་བསྒྲུབ་འདོད་སོགས་བྱེད་ཟེར་ནས་བརྙས་བཅོས་དང་སྨད་པ་བྱེད་ན། རང་རེ་འགྲོ་བ་དུད་འགྲོ་ལས་ལྷག་པའི་མི་ལུས་རིན་ཆེན་རྙེད་པའི་གང་ཟག་ཞིག་གི་ངོས་ནས་བཀའ་དྲིན་ཅན་ལ་ཡ་རབས་ཁྲེལ་ཡོད་ཀྱི་སྤྱོད་པ་དང་མཐུན་པའི་སྒོ་ནས་དྲིན་གཟོ་དགོས་པ་སྨོས་ཅི་དགོས།

བཀའ་དྲིན་ཅན་ལ་དྲིན་གཟོ་བྱ་ཚུལ་ལ་ཡང་རྣམ་པ་གཉིས་ཏེ། གནས་སྐབས་ཀྱི་བཀའ་དྲིན་གསོ་ཚུལ་དང་། མཐར་ཐུག་གི་བཀའ་དྲིན་གསོ་ཚུལ།

1 གནས་སྐབས་ཀྱི་བཀའ་དྲིན་གསོ་ཚུལ་ནི། ལེ་ལན་ཐམས་ཅད་གཅིག་ལ་གདའ་བའི་ལེའུ་ལས། ཚེ་འདིའི་བདེ་སྐྱིད་སྟེར་བར་བྱེད་པའི་དྲིན་ཅན་ཕ་མ་ཡིན། དེས་ན་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བར་བྱ༑ ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་རང་ལ་བདེ་སྐྱིད་སྟེར་མཁན་གྱི་དྲིན་ཆེན་ཨ་མ་ལྟ་བུར་དཀའ་ངལ་གང་ཞིག་འཕྲད་ཀྱང་རང་གི་ལས་དོན་ཆེ་བཞག་ཆུང་བཤོལ་བྱས་ནས་མཐའ་གཅིག་ཏུ་ཨ་མའི་དཀའ་ངལ་དེ་དག་སེལ་ཐབས་ལ་འབད་དགོས་པ་དང་། དུས་རྒྱུན་དུ་ཨ་མའི་བསམ་པ་དང་མཐུན་པའི་ལས་ཀ་བྱེད་པ། སྙན་པའི་གཏམ་སྨྲ་རེས་བྱེད་པ། འཇམ་པའི་གོས་དང་ཞིམ་པའི་ཟས་སོགས་རང་གི་འཁོས་དང་བསྟུན་ནས་ཕན་བདེ་གང་ཐུབ་གང་ལྕོགས་ཀྱིས་བསྒྲུབ་དགོས་པ་ཡིན། དེ་བཞིན་དུ་རང་གི་ཕ་དང་། སེམས་ཅན་གཞན་མཐའ་དག་ལའང་དེ་དེ་བཞིན་དུ་ཕན་བདེ་བསྒྲུབ་དགོས། དེ་ལྟར་ཕ་མ་རྣམས་ལ་ཟས་དང་། སྐོམ། གོས། མལ་ཆ། སྟན་ལ་སོགས་པ་དག་གིས་བཀུར་སྟི་བསྒྲུབ་ན་མཁས་པ་དག་གིས་སྨད་པ་མི་འགྱུར་ལ། ཤི་ནའང་མཐོ་རིས་སུ་འགྲོ་བ་ཡིན། ཕ་མའི་མདོ་ལས། ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པ་མེད་འགྱུར་ལ། །ཤི་ནའང་མཐོ་རིས་འགྲོ་བར་འགྱུར། ། ཞེས་གསུངས་པ་དང་། སེམས་ཅན་གང་ཞིག་གི་རང་ལ་གནོད་པ་བྱས་ནས་རང་གི་དགྲར་ལངས་ཀྱང་སེམས་ཅན་འདི་དག་ལ་རང་ཉིད་སྐད་ཅིག་ཀྱང་མི་ཁྲོ་བར་སྔར་ཕ་མ་བྱེད་མྱོང་བས་ཕ་མ་བྱེད་པའི་སྐབས་སུ་དྲིན་གྱི་བསྐྱངས་པ་ཤ་སྟག་ཡིན་བསམ་ནས་ཕར་གནོད་པའི་ལས་སོགས་མི་བྱེད་པར་དྲིན་གཟོའི་ཐབས་ལ་འབད་ནས་མ་རྒན་སེམས་ཅན་དེ་དག་རང་གི་སྲོག་ལས་ཀྱང་གཅེས་པར་འཛིན་དགོས་པ་ཡིན། དེ་ཡང་བླ་མཆོད་ལས། འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང་། །སྲོག་ལས་གཅེས་པ་འཛིན་པར་བྱིན་གྱིས་རློབས། །  ཞེས་གསུངས་སོ། །མདོར་ན་ཚེ་འདིའི་ཨ་མ་ནས་གཙོས་པའི་འགྲོ་བ་མཐའ་དག་ལ་གནོད་ལན་ཕན་པས་བསྒྲུབས་ནས་གནས་སྐབས་ཀྱི་བཀའ་དྲིན་དེ་ལྟར་གཟོ་དགོས་པ་ཡིན། དེ་ཡང། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམ་ངག་ཏུ་བྱས་པ་ལས། བྱས་ལ་དྲིན་གཟོ་སླར་ཕན་གདགས། ། ཞེས་གསུངས་པ་ལྟར་བྱེད་དགོས་པ་ཡིན།

2༽ མཐར་ཐུག་གི་བཀའ་དྲིན་གཟོ་ཚུལ་ནི། དེ་ཡང་དྲིན་ཆེན་གྱི་ཨ་མ་དེ་ཉིད་ལ་རང་གིས་ཟས་དང་། གོས། བཏུང་བ། སྨན། ནོར་རྫས་སོགས་མི་ཚེ་མ་ཟད་བར་དུ་སྟེར་བ་ཙམ་གྱིས་གནས་སྐབས་ཀྱི་དྲིན་གཟོ་བ་ཙམ་ལས་མཐར་ཐུག་གི་བཀའ་དྲིན་ད་དུང་ང་ཚོས་གསོ་ཐུབ་མེད་པ་ཡིན། འོ་ན་མཐར་ཐུག་གི་དྲིན་གཟོ་ངོ་མ་དེ་གང་ཡིན་ཞེ་ན། དེ་ཡང་དབུ་མ་སྙིང་པོ་ལས། གཞན་ཡང་སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་བདག་གིས་ནི། །རྨ་ལ་འགྱུར་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས། །བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་ལ་ལན་དུ་ཕན་གདགས་པ། །མྱ་ངན་བཟླ་ལས་གཞན་ཅི་ཡོད། ། ཅེས་གསུངས་པ་ལྟར་རང་གི་དྲིན་ཆེན་གྱི་ཨ་མ་འདི་རྣམས་བདེ་བ་ཐམས་ཅད་དང་ལྡན་པ། སྡུག་བསྔལ་གྱི་མིང་ཙམ་ཡང་མེད་པའི་ཚེ་རབས་གཏན་གྱི་བདེ་བ་དམ་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་རྒྱུ་འདི་ཉིད་ཡིན་ཞིང་། གལ་སྲིད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་རང་ཉིད་ལ་མེད་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་རྒྱུ་གཙོ་བོ་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མེད་པསདྲིན་ཆེན་གྱི་ཨ་མ་རྣམས་དམ་པའི་ཆོས་སྒྲུབ་པ་ལ་ཉེ་བར་ཁོ་བའི་ཡོ་བྱད་དམ་མཐུན་རྐྱེན་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་བསྐྲུན་ཏེ་བྱམས་ལྡན་གྱི་ཨ་མ་དེ་རྣམས་དམ་པའི་ཆོས་བྱེད་པ་ལ་ཁོམ་པ་ཡོད་པ་ཞིག་དང་། དམ་པའི་ཆོས་ལ་གོམས་འདྲིས་ཡོད་པ་ཞིག་རང་གི་བཟོ་ཐུབ་པར་བྱས་ནས་མཐར་ཐུག་གི་དྲིན་གཟོ་ངོ་མ་དེ་གཟོ་དགོས་པ་ཡིན། །

དེ་ལྟར་གོང་དུ་བཤད་པ་ལྟར་མ་རྒན་སེམས་ཅན་རྣམས་ལ་བཀའ་དྲིན་གསོ་ཚུལ་མང་པོ་ཡོད་ཀྱང་། མདོར་བསྡུས་ན་བདེ་བ་ལ་འགོད་འདོད་དང་། སྡུག་བསྔལ་ལས་བསྒྲལ་འདོད་རྣམ་པ་གཉིས་སུ་འདུ་བ་ཡིན། དེ་ཡང་འགྲོ་དྲུག་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ནི་ཡིད་འོང་གི་བྱམས་པ་ཡིན་ཞིང་། མ་ཟད་སེམས་ཅན་ཐམས་ཅད་ལའང་ཡིད་འོང་གི་བྱམས་པའི་སེམས་ཀྱང་བསྐྱེད་དགོས་པ་ཡིན། བསྐྱེད་ཚུལ་ཡང་། སྔར་ཨ་མ་རྒན་མོ་ཞིག་གིས་དགེ་བཤེས་པོ་ཏོ་བ་ལ་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་བྱམས་པ་ཇི་ལྟར་བྱས་ནས་བསྐྱེད་དགོས་ཞུས་པས། དེའི་ལན་དུ་དགེ་བཤེས་པོ་ཏོ་བས་ཡིད་འོང་གི་བྱམས་པ་ནི་ཁྱོད་ཀྱི་བུ་ཐོད་ལེ་ཀོར་ལ་ཇི་ལྟར་བྱམས་པ་དེ་ལྟར་ཡིན་གསུངས་པ་ལྟར་ཐོག་མར་རང་གི་ཚེ་འདིའི་དྲིན་ཆེན་གྱི་ཨ་མ་ལ་སོགས་པའི་མཛའ་བཤེས་དང་། དེ་ནས་དགའ་ཉེ་གང་ཡང་མ་ཡིན་པའི་བར་མའི་སེམས་ཅན་དང་། དགྲ་རྣམས་ལ་རིམ་བཞིན་དམིགས་ནས་སེམས་ཅན་ཐམས་ཅད་ལའང་དེ་ལྟ་བུའི་བྱམས་པ་བསྐྱེད་དགོས་པ་ཡིན། དེ་ཡང་ད་ལྟ་མ་རྒན་སེམས་ཅན་དེ་དག་ལ་ཚེ་འདིའི་ཟས་གོས་བཏུང་གསུམ་ཕུན་སུམ་ཚོགས་པ་ཕྲན་བུ་རེ་འཛོམས་པདེ་ཚེ་རབས་གཏན་གྱི་བདེ་བར་རློམ་གྱིན་ཡོད་པས་དེ་ལྟ་བུའི་བདེ་བ་དེ་ཡང་ཡུད་ཙམ་ནས་འཇིག་འགྲོ་བ་དང་། སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པར་བསམ་ནས། ད་ནི་སེམས་ཅན་དེ་དག་ཐམས་ཅད་གཏན་གྱི་བདེ་བ་དམ་པ་སངས་རྒྱས་ཀྱི་གོ་འཕང་དང་ལྡན་ན་ཅི་མ་རུང་། ལྡན་པ་གྱུར་ཅིག ལྡན་པ་བདག་གིས་བྱའོ་བསམ་པའི་བློ་ངམ་ངམ་ཤུགས་ཤུགས་ཤིག་སྐྱེ་དགོས་པ་ཡིན། དེ་ལྟ་བུའི་ཡིད་འོང་གི་བྱམས་པའི་སེམས་དེ་བསྐྱེད་པ་ཡིན་ན། ཕན་ཡོན་ཡང་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པས་གང་ཐུབ་ཅི་ཐུབ་ཀྱིས་སེམས་དེ་བསྐྱེད་པ་ལ་འབད་དགོས། དེ་ཡང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། ། ཞེས་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག། ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་གཅིག་གི། །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་འཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། ། ཞེས་གསུངས་པ་ལྟར། ཕན་ཡོན་ཤིན་ཏུ་ཆེའོ། །དེ་ཡང་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་བློ་དེ་སྐྱེས་ཙམ་གྱིས་མི་ཆོག་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་བསམ་པར་སྙིང་རྗེ་ཡིན་ཞིང་། སེམས་ཅན་ཐམས་ཅད་ལ་ངེས་པར་དུ་སྙིང་རྗེའི་བློ་ཞིག་ཀྱང་བསྐྱེད་དགོས་པ་ཡིན། སྙིང་རྗེ་བསྐྱེད་ཚུལ་ཡང་། བླ་མཆོད་ལས། ཉམ་ཐག་འགྲོ་བ་འདི་ཀུན་བདག་གི་མ། །ཡང་ཡང་དྲིན་གྱིས་བསྐྱངས་པའི་ཚུལ་བསམ་ནས། །སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །བཅོས་མིན་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། ། ཞེས་གསུངས་པ་ལྟར། ཚེ་འདིའི་རང་གི་དྲིན་ཆེན་གྱི་ཨ་མ་ལྟ་བུར་ཆ་མཚོན་ན། སྔར་སྐྱེ་བའི་སྡུག་བསྔལ་དུ་མ་ཞིག་མྱངས་པ་དང་། བར་དུ་རྒས་པའི་སྡུག་བསྔལ། ན་བའི་སྡུག་བསྔལ། མཐར་འཆི་བའི་སྡུག་བསྔལ། འཆི་བའི་ཚེ་ཡང་ངན་སོང་གསུམ་ལས་འོས་མེད་པས་དེར་སྐྱེས་ན་སྡུག་བསྔལ་རྣམ་པ་སྣ་ཚོགས་ཤིག་མྱོང་དགོས་པ་དང་། སྡུག་བསྔལ་དེ་དག་གིས་མནར་ཚུལ་སོགས་ཡང་ཡང་བསམ་ན་རང་གི་ཨ་མ་དེ་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བློ་ཞིག་རང་གི་རྒྱུད་ལ་ངང་གིས་སྐྱེས་འོང་། དེ་ལྟ་བུའི་བློ་དེ་སྙིང་རྗེ་ཡིན་པས་བློ་དེ་སྔར་རང་གི་ཨ་མ་བྱེད་མྱོང་བ་དང་། མ་འོངས་པ་ན་བྱ་བར་འགྱུར་བ། སྐབས་སུ་དྲིན་གྱིས་བསྐྱངས་བའི་ཚུལ་ལ་སོགས་ཡང་ཡང་བསམ་ནས་ཉམ་ཐག་གི་འགྲོ་བ་དེ་རྣམས་ལ་བསྐྱེད་དགོས་པ་ཡིན། དཔེར་ན་མ་གཅིག་ལ་བུ་གཅིག་ལས་མེད་ཅིང་བུ་དེའང་ཕ་མར་བརྩེ་ཞིང་གུས་པ། ཕ་མའི་བཀའ་ལ་ཉན་པ། ཡུལ་མི་ཀུན་གྱི་བསྟོད་ས་ལྟ་བུ་ཞིག་ཡོད། འོན་ཀྱང་དེ་ད་ལྟ་ནད་ཚབ་ཆེན་པོས་མནར་ན་མ་དེས་བུ་དེ་ལ་བཅོས་མ་མ་ཡིན་པའི་སྙིང་རྗེ་ཞིག་བསྐྱེད་པ་ཡིན་པས་དེ་འདྲའི་བློའི་ཚོད་ཅིག་རང་གི་ཨ་མ་དང་། སྤུན་དང་། མཛའ་གྲོགས་དང་། དགྲ་སོགས་ལའང་བསྐྱེད་དགོས་པ་མ་ཟད་ཆོས་ཀྱི་རྩ་བ་ཡང་སྙིང་རྗེ་ཡིན་པ་དང་། སྙིང་རྗེ་དེ་དུས་དང་རྣམ་པ་ཀུན་ཏུ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། དེར་བརྟེན་དཔལ་ལྡན་ཟླ་བ་གྲགས་པས་ཀྱང་དབུ་མ་འཇུག་པ་རྩོམ་པའི་སྐབས་སུ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། ། ཞེས་གསུངས་པ་ལྟར་ཐོག་མར་སྙིང་རྗེ་ཆེན་པོ་ལ་བསྟོད་པ་མཛད་པའི་དགོས་པ་ཡང་དེ་ཡིན། །དེ་ལྟར་གོང་དུ་མ་རྒན་སེམས་ཅན་རྣམས་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་བསམ་པའི་བློ་གཉིས་རང་གི་རྒྱུད་ལ་བསྐྱེད་པ་དེ་ཙམ་གྱིས་མི་ཆོག་པ། མ་རྒན་སེམས་ཅན་དེ་དག་ཇི་ལྟར་བྱས་ནས་བདེ་བ་ཐོབ་པ་དང་སྡུག་བསྔལ་ཞི་བ་གཞན་སུ་གང་ལའང་རག་མ་ལས་པ། ང་རང་གཅིག་པུས་བསྒྲུབ་ཐུབ་པར་བྱའོ་བསམ་པའི་སྙིང་སྟོབས་ཀྱི་བློ་ལྷག་བསམ་རྣམ་དག་གམ་སྙིང་ཐག་པ་ནས་བསྐྱེད་ལ། དེ་ལྟར་ན་མར་ཤེས་པའི་འདུ་ཤེས་ཟབ་མོ་ཞིག་ཡོད་ན་དེས་ནི་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་མེད་དུ་མི་རུང་ཞིང་། དུད་འགྲོ་དང་སྲོག་ལྡན་གཞན་རྣམས་ལས་ཁྱད་པར་དུ་འཕགས་པར་བྱེད་པའི་ནང་སེམས་ཀྱི་དངོས་པོ་བླ་ན་མེད་པ་ཇི་སྙེད་ཅིག་རང་རྒྱུད་ལ་སྐྱེ་བར་འགྱུར་ཞིང་། དེ་ལྟ་བུའི་བསམ་པའི་དཔལ་ཡོན་གྱིས་ཆེ་འཛམ་གླིང་ནས་ཆུང་ཁྱིམ་ཚང་གི་བར་དུ་བདེ་སྐྱིད་དང་ཕན་པ་བསྐྲུན་གྱི་ཡོད་ན་མར་ཤེས་ཀྱི་འདུ་ཤེས་ནི་ཤིན་ཏུ་གལ་ཆེ་ཞིང་རིན་ཐང་ལྡན་པའི་བསམ་བློ་འཁྱེར་སོ་གོང་ན་མེད་པ་ཞིག་ཀྱང་ཡིན་ནོ། །

གསུམ་པ། མར་ཤེས་ཀྱི་ལྟ་བས་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་ཞི་བདེ་ལ་ལེགས་སྐྱེས་འབུལ་ཚུལ།

དེ་འཆད་པ་ལ་རྣམ་པ་གཉིས་ཏེ། མར་ཤེས་ཀྱིས་དངོས་སུ་ཞི་བདེར་ཕན་ཐོགས་ཚུལ་དང་། མར་ཤེས་ཀྱིས་དྲངས་པའི་སེམས་བྱུང་གཞན་གྱིས་ཞི་བདེ་ལ་ཕན་ཐོགས་ཚུལ་ལོ། །

1 མར་ཤེས་ཀྱིས་དངོས་སུ་ཞི་བདེར་ཕན་ཚུལ་ནི།

ཐོག་མ་སེམས་ཅན་ཐམས་ཅད་མར་ཤེས་པས་རང་གི་ཚེ་འདིའི་ཨ་མར་བརྩེ་བ་དང་དུང་བ་ཇི་ལྟར་ཡོད་པ་དེ་ལྟར་དུ་སེམས་ཅན་ཐམས་ཅད་དྲིན་ཅན་དང་ཡིད་འོང་དུ་མཐོང་བའི་སྒོ་ནས་བརྩེ་དུང་དང་གུས་བརྩི་བླ་མེད་ཅིག་སྐྱེ་བར་གྱུར་ལ། དེ་ལྟ་བུའི་སེམས་བྱུང་དེ་ནི་འཆམ་མཐུན་མཉམ་གནས་དང་དགོད་སྒྲ་དགའ་སྤྲོ་ཡི་མཐུན་རྐྱེན་ཡག་པོ་ཞིག་ཡིན་ཏེ། སེམས་ལྡན་ཐམས་ཅད་ལ་ཐུན་མོང་དུ་ཉེ་བར་མཁོ་བ་ནི་གཞན་གྱི་བརྩེ་བ་དང་དུང་བ་ལྷད་མེད་པ་ཞིག་ཐོབ་པ་དེ་ཉིད་ཡིན། དེས་ན་སུ་ཞིག་གིས་རང་ཉིད་ལ་ཁ་ཞེ་གཉིས་མེད་ཀྱིས་བརྩེ་ཞིང་གུས་པར་གྱུར་ན་རང་ཉིད་ཀྱི་སེམས་ལ་དགའ་སྤྲོ་འཕེལ་བ། རང་ཉིད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་མར་འཛིན་པའི་སྒོ་ནས་བཀུར་བ་དང་དུད་པ་དང་རིམ་འགྲོ་བྱེད་པ་སོགས་ནུས་ན། གཞན་གྱིས་རང་ཉིད་ལ་ཁྲོ་བ་དང་འཁོན་པ། སྡང་བ་དང་ཕྲག་དོག་སོགས་རིམ་གྱིས་ཞི་འགྲོ་བ་ནི་ཆོས་ཉིད་ཡིན་ཞིང་། དེ་ནི་ནང་སེམས་ཀྱི་ཞི་བ་ཡང་ཡིན་ལ། དེ་དང་ལྷན་ཅིག་རྩུབ་མོའི་སེམས་བྱུང་དེ་དག་གིས་ཐོན་པའི་ཕྱི་ལུས་ངག་གི་མ་ཞི་བ་དག་ཀྱང་ལྡོག་པར་གྱུར་ན། ཕྱི་ནང་གཉིས་ཀའི་ཞི་བ་འདྲེན་པ་ཡིན་པས། ཞི་བ་དེས་ཐོན་པའི་མཇུག་འབྲས་ནི་འཆམ་མཐུན་མཉམ་གནས་དང་ཕན་ཚུན་དགའ་མོས་ཀྱིས་ཁྱབ་པར་གྱུར་བས་དེ་ནི་ཤིན་ཏུ་ཐོབ་དཀའ་ལ་ཐོབ་ན་དོན་སྙིང་ཆེ་བའི་བདེ་བ་ཞིག་ཡིན་ནོ། །

རྒྱུ་མཚན་དེ་དག་གི་ཕྱིར་ན། ཕ་མའི་མདོ་ལས་ཀྱང་། དགེ་སློང་དག ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །

དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ།  ཞེས་བདག་ཅག་གི་སྟོན་པས་དྲིན་ཆེ་བའི་ཕ་མ་ལ་དུད་པ་དང་བཀུར་བ་སོགས་བྱེད་པ་ནི་ལོངས་སྤྱོད་ཐམས་ཅད་ཀྱི་འབྱུང་རྩ་ཡིན་ཏེ་ཕ་མ་གཉིས་ནི་ཚངས་པ་དང་འདྲ་བ་དང་། རྣམ་དཔྱོད་དང་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་རྩ་ཡིན་ཏེ་ཕ་མ་གཉིས་ནི་སློབ་དཔོན་དང་འདྲ་བ་ཡིན་ཞེས་གསུངས་པས། དྲིན་ཕ་མ་ལ་གུས་བརྩི་ཟབ་མོ་བྱེད་དགོས་པ་དེ་བདེ་ལེགས་ཐམས་ཅད་ཀྱི་འབྱུང་རྩར་གསུངས་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མར་འཛིན་པའི་འདུ་ཤེས་གཏིང་ཟབ་དུ་བཏང་ཏེ། ལྷག་ཏུ། ཁྲི་བརྒྱད་སྟོང་པ་ལས། སེམས་ཅན་ཐམས་ཅད་ལ་མ་ཡི་སེམས་ཀྱིས་དམིགས་པར་བྱ་ཞིང་།  ཞེས་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ལ་མར་འཛིན་པའི་བཅོས་མིན་གྱི་བསམ་པ་རེ་སྐྱེ་དགོས་པ་ནང་པ་བ་ཞིག་གི་ལག་ལེན་དུ་བསྩལ་ཡོད་ན། དེ་ལྟ་བུའི་བསམ་པའི་འདུ་ཤེས་ཤིག་ཡོངས་ཁྱབ་དང་ཐུན་མོང་ཅན་དུ་སོང་ན་བཅུད་སེམས་ཅན་གྱི་འཇིག་རྟེན་དེ་ཉིད་འཆམ་མཐུན་དང་མཛའ་བཤེས་ཀྱི་ཕོངས་པར་མི་འགྱུར་ཞིང་། མི་མཐུན་པ་དང་ཆགས་སྡང་གི་སྐྱེས་པའི་འཐབ་མོ་ཇི་སྙེད་པ་མཐའ་དག་རྨེག་མེད་དུ་ཞི་ནས་དགེ་ལེགས་དང་བདེ་སྐྱིད་ཀྱི་དཔལ་ཡོན་རབ་ཏུ་འབར་བ་བརྗོད་མི་དགོས་པ་ལྟ་བུ་ཞིག་ཆགས་ཡོད། གཉིས། ཕན་ཚུན་སྙན་པའི་གཏམ་དང་འཛུམ་པའི་གཤིས་སྟོན་པ་སོགས་ག་ཚོད་ཀྱི་ཁྱབ་རྒྱ་ཆེ་ན་དེ་ཙམ་གྱིས་ལུས་ཀྱི་བདེ་ཐང་དང་སེམས་ཀྱི་བདེ་སྐྱིད་ལ་དངོས་སུ་ཕན་ཐོགས་ཡོད་པདངོས་ཡོད་དང་གསོ་རིག་གཞུང་ལུགས་སོགས་གང་གི་ངོས་ནས་བསམ་ཡང་ར་འཕྲོད་ཀྱི་ཡོད་ན་མར་ཤེས་ཀྱི་བསམ་པ་ནི་དཀར་པོ་ཆིག་ཐུབ་ལྟ་བུའི་ཕན་ཡོན་ཧ་ཅང་གི་ཆེ་བར་ངེས་ཤེས་ཤིན་ཏུ་སྐྱེ་སླ་བ་ཡིན། དེ་འདྲའི་མར་ཤེས་ཀྱི་བསམ་པ་དེས་འཛམ་གླིང་ཞི་བདེར་དངོས་ཡོད་ཀྱི་ལེགས་སྐྱེས་བླ་ན་མེད་པ་འབུལ་དང་འབུལ་བཞིན་ཡིན། མ་འོངས་པའི་ཆར་ཡང་སེམས་ཅན་ཐམས་ཅད་ལ་མར་འཛིན་པའི་འདུ་ཤེས་ཀྱི་ཁྱབ་ཁོངས་དང་གནས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་འཛམ་གླིང་ཞི་བདེ་ལ་ཕན་འབྲས་བླ་ན་མེད་པ་ཞིག་ཐོན་རྒྱུ་རེད་ཅེས་སྐད་གདངས་མཐོན་པོས་སྨྲ་བར་འདོད་དོ། །

2༽མར་ཤེས་ཀྱིས་དྲངས་པའི་སེམས་བྱུང་གཞན་གྱིས་ཞི་བདེ་ལ་ཕན་ཐོགས་ཚུལ།

གོང་དུ་མར་ཤེས་ཀྱི་བྱེད་ལས་འཆད་པའི་སྐབས་མར་ཤེས་ཀྱི་བསམ་པ་ནི་སེམས་བྱུང་དགེ་བ་ཐམས་ཅད་ཀྱི་རྒྱུ་གཙོ་བོ་ཡིན་ཞིང་། ལྷག་དུ་འཚེ་མེད་ཀྱི་བསམ་པའི་རྣམ་གྲངས་མི་འདྲ་བ་གཞན་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་སྙིང་རྗེ་དང་། བླ་མེད་ཀྱི་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་སོགས་ཀྱི་གཞི་དམ་པར་བཤད་པ་དེ་བཞིན་དོན་ལ་གནས་ཞིང་དེ་ལྟར་ཡིན་པར་ལུང་རིགས་ཀྱི་རྒྱབ་ལྗོངས་སྟུག་ལ། ཅུང་ཟད་བསམ་མྱོང་བས་ཀྱང་དེ་ལྟར་ཤེས་པར་འགྱུར་བ་ལགས། བྱམས་དང་སྙིང་རྗེ། ལྷག་བསམ་སོགས་ཀྱིས་ནང་དུ་བསམ་པའི་མཛེས་སྡུག་དང་ཕྱི་ལུས་ངག་གི་སྤྱོད་བཟང་སོགས་ཇི་ཙམ་འཕེལ་རྒྱས་དང་། ཐོན་སྐྱེད་ཀྱི་ནུས་པ་ཐོན་པ་མཐའ་དག་གི་རྨང་གདན་གཙོ་བོ་མར་ཤེས་ཀྱི་བསམ་པ་རིན་པོ་ཆེ་འདི་ཉིད་ཡིན་པས། དེ་ལྟ་བུའི་བདེ་དགེ་ཐམས་ཅད་ཀྱང་མར་ཤེས་ཀྱིས་ཤུགས་ཀྱིས་དྲངས་པས་རྒྱུ་མཚན་དེ་དག་ལ་བསམ་ནས་ཀྱང་མར་ཤེས་ནི་ཤིན་ཏུ་རྩ་ཆེ་བར་ངེས་པ་ཡིན་ནོ། །

འོ་ན། བྱམས་དང་སྙིང་རྗེ། ལྷག་བསམ་སོགས་ཀྱིས་ཞི་བདེ་ལ་ཕན་ཐོགས་ཚུལ་ཇི་ལྟར་ཡིན་སྙམ་ན། དཔེར་མཚོན་པ་ཞིག་ཞུ་བར་བྱ་སྟེ། སྲོག་ལྡན་གྲོག་འབུ་ཡན་ཆོད་ཀྱང་བདེ་བར་འགོད་འདོད་དང་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་བསམ་པ་བཅོས་མིན་སྐྱེས་ན་དེ་ལ་གནོད་པའི་སྐབས་མེད་ཅིང་། གང་ལྕོགས་ཅི་ནུས་ཀྱིས་ཕན་བདེ་བསྐྲུན་པར་འབད་པས་དེའི་སྲོག་དང་དེའི་བདེ་སྐྱིད་སོགས་ཧ་ཅང་སྣང་ཆེན་དུ་བརྩིས་ནས་དམིགས་བསལ་གྱིས་ཞབས་འདེགས་ཞུ་བ་བཞིན། སྲོག་ལྡན་སུ་འདྲ་ཞིག་ལ་དེ་ལྟ་བུའི་ཕན་སེམས་རེ་སྐྱེས་ན་དེ་ནི་ཞི་བདེ་ཡི་སྒོ་མོ་ཕྱེ་བ་ཡིན་ཏེ། ཞི་བདེ་ཞེས་པའང་། ཐོག་མ་སེམས་ཅན་སྒེར་ཕན་ཚུན་དང་། དེ་ནས་ཁྱིམ་ཚང་། ཁྱིམ་ཚང་ནས་ལས་ཁུངས་དང་ཚན་པ། དེ་ནས་རྒྱལ་ཁབ། དེ་ནས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་འགྲོ་བ་ལསཐོག་མ་ཉིད་ནས་འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱི་ཞི་བདེ་སུས་ཀྱང་བསྐྲུན་ཐུབ་ཀྱི་མེད་པ་ཡིན། བྱམས་དང་སྙིང་རྗེས་སྒེར་རེ་རེ་ནས་མཐར་འཛམ་གླིང་རང་བཞིན་ཅན་གྱི་ཞི་བདེ་ཞིག་བསྐྲུན་པར་ནུས་ཤུགས་ཕུན་སུམ་ཚོགས་པ་བཏོན་ཡོད། འཛམ་གླིང་ཞི་བདེ་ཡོང་བར་བྱམས་དང་སྙིང་རྗེ་ནི་ཧ་ཅང་གལ་ཆེ་ལ། དེ་ལས་ཀྱང་། ལྷག་བསམ་གྱི་སེམས་འདི་མཐོ་སློབ་དཔོན་དང་འགོ་འཁྲིད། བར་གཞུང་ཞབས་པ་དང་ངལ་ནུས་པ། འོག་མང་ཚོགས་དང་སློབ་མ་ཡན་ཆོད་ཆ་ཚང་ལ་ལྷག་བསམ་མེད་ན་འཇོན་ནུས་ག་ཚོད་ཆེ་ཡང་། སྟོང་པར་སྨྲ་བའི་གནས་ལུགས་དེ་སྤྱི་ཚོགས་ཀྱི་ཁྲོད་དུ་ཁྱབ་འདལ་རང་བཞིན་དུ་ཡོད་ལ། དོན་ལ་ཡང་དེ་ལྟར་ཡིན་པ་ཤིན་ཏུ་བདེན། འཇོན་ནུས་ཇི་ཙམ་ཡོད་ཀྱང་གཞན་ཕན་ཀྱི་བྱ་བ་དག་རང་གིས་ཁུར་དུ་ལེན་པའི་བསམ་པ་མེད་ན་ཕན་བདེའི་བྱ་བ་དང་དུ་མི་ལེན་ཞིང་། དེ་དང་དུ་མ་བླངས་ན། ནུས་ཤུགས་ཡོད་རྒུ་ཤིང་བཟང་པགས་རུལ་དུ་འགྲོ་བ་ལས་འོས་གཞན་མེད་པས་ལྷག་པའི་བསམ་པ་དེ་ཡར་རྒྱས་དང་ཕན་བདེ་མ་ལུས་པའི་ལུས་ཟུངས་ལྟ་བུ་ཡིན་པའི་ངེས་ཤེས་ཤིག་བཙན་གྱིས་མ་བསམ་ཡང་ངང་གིས་གོ་འགྲོ་བ་ཞིག་ཡོང་གི་འདུག་ཅེས་དྲང་གཏམ་ཏུ་སྨྲ་བ་ལགསོ། །

མདོར་ན། མར་ཤེས་ཀྱིས་ནི་དམག་འཁྲུག་དང་མི་མཐུན་འཐབ་རྩོད་ཀྱི་རྒུད་པ་ཐམས་ཅད་དངོས་ཤུགས་ཅི་རིགས་ཀྱིས་བསལ་བར་བྱ་ཚུལ་དེ་ལྟར་ལགས་ན། མར་ཤེས་ཀྱི་ལྟ་བ་འདི་ནི་ཐོག་མ་རང་དང་དེ་ནས་གཞན་སོགས་ལ་རིམ་པར་སྐྱེ་བར་བྱས་ཏེ ཡོངས་ཁྱབ་ཀྱི་རིན་ཐང་ལྡན་ཞིང་ལག་ལེན་གྱི་ཁྱབ་རྒྱ་ཆེ་བ་ཞིག་ཡོང་བ་བྱ་རྒྱུ་ནི། ནང་པ་བ་དང་དེ་མིན་གྱི་སྨྲ་ཤེས་དོན་གོ་བའི་འགྲོ་བ་ཐམས་ཅད་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས་ཚང་མས་མར་ཤེས་ཀྱི་བསམ་པ་རིན་པོ་ཆེ་འདི་ཉིད་རང་རྒྱུད་ལ་སྐྱེ་བར་འབད་པ་གནང་རོགས་ཞེས་མཇུག་མཐའི་རེ་འདུན་ཞིག་ཀྱང་ཞུ་བ་ལགས་ན་ཐུགས་ལ་འཇགས་པར་འཚལ་ལོ། །