报父母之恩为圣行

发布时间: 2018-03-26 09:37:00 来源: 噶尔哇·成列江措

【内容摘要】本文共分三个方面:一,母亲如何对待孩子。二,母亲的艰辛与孩子的成长。三,报母恩与世间道德。依次阐述:我们最初来到这个世界时,一无所知,一无所能,甚至连自己的鼻涕和不净物都无法处理之时,母亲如何耐心护佑,教会我们言行,无吝啬地给予食物等所需物品。 依据佛陀宣示如何报答父母之恩,以及佛经及注疏中记载报答父母之恩的功德和不报的过患,结合实际生活,通过教证理证和比喻,论证了报答父母之恩为和谐之根基。亦符合人伦道德。

关键词:报恩、利他、和平 贤德

ཀླད་ཀྱི་དོན།

རང་རེ་རྣམས་ཀྱིས་ཁ་ནས་བཤད་དུས་ཕ་མ་ནི་བཀའ་དྲིན་ཆེ་བར་བཤད་མོད། དོན་དངོས་ལ་བབ་ན་བཀའ་དྲིན་ཆེ་ཚུལ་ཇི་ལྟར་ཡིན་ཚུལ་དང་། དེ་ལ་དྲིན་གཟོ་བྱེད་ཚུལ་གང་འདྲ་ཡིན་པའི་སྐོར་ལ་ཡང་བསམ་བློ་གཏོང་མཁན་དེང་གི་ན་གཞོན་ཁྲོད་དུ་ཉུང་ཉུང་སྣང་། འདིར་བཀའ་དང་བསྟན་བཅོས་ཀྱི་ཁུངས་དང་འཚོ་བ་དངོས་ཀྱི་གཞི་བྱས་ནས་གོ་བདེ་བའི་ལམ་ནས། ཕ་མའི་བཀའ་དྲིན་དང་དེར་དྲིན་གཟོ་ཚུལ་སོགས་དོན་ཚན་གསུམ་དུ་བགོནས་བཤད་།  

གཅིག  ཨ་མས་བུ་ལ་བལྟ་ཚུལ།

འཇིག་རྟེན་གྱི་ངོས་དང་ཟུར་མི་འདྲ་བ་རེ་རེ་ནས་མཐོང་བའི་གཏམ་རྒྱུད་དག་ན་བསམ་ཡུལ་ལས་འདས་པའི་དོན་དངོས་གང་མང་ཞིག་ཡོད་། གལ་ཏེ་གནས་ལུགས་དང་བདེན་པ་སྐྱོང་བའི་སྐྱེ་བོ་སུ་ཞིག་ཡིན་ཡང་དོན་དངོས་དེ་དག་ལ་གཟུར་ནས་འགྲོ་མི་སྲིད། དེས་ན་ང་ཚོས་ཀྱང་དོན་དངོས་གླེང་དགོས་ལ་རང་ཉིད་དང་ཁ་ཐག་ཆེས་ཉེ་བའི་སྐྱེས་མ་ཞིག་ཀྱང་གླེང་དགོས། དེ་ནི་མི་ཚེ་འདིར་ཁྱོད་དང་ལས་འབྲེལ་གཅིག་མ་གཏོགས་རྙེད་མི་སྲིད་པའི་སྐྱེས་མ་ཞིག་སྟེ། དུས་དང་གནས་སྐབས་ཐམས་ཅད་དུ་བུ་ནི་སོ་སོའི་སེམས་ནས་འདོར་མྱོང་མེད་པའི་ཨ་མ་དེ་ཡིན། ང་ཚོ་འཇིག་རྟེན་འདིར་སྐྱེས་མ་ཐག་ནས་རང་གཅེས་རང་བདག་བྱེད་ཐུབ་པའི་ནུས་ལྡན་ཞིག་གཏན་ནས་མ་ཡིན་པས། ངེས་པར་མི་གཞན་གྱི་གཅེས་སྐྱོང་ལ་བརྟེན་དགོས་ཤིང་དེ་ཡང་ཁེ་ཕན་དང་དྲིན་ལན་ལ་མི་རེ་བའི་སྒོ་ནས་ལྷག་བསམ་རྣམ་དག་གིས་གཅེས་སྐྱོང་གནང་མཁན་ཞིག་ནིཨ་མ་གཅིག་པུ་ལས་མེད་པས་ཁྱོད་རང་ནར་སོན་རྗེས་བརྗེད་ག་ལ་རུང་།

ཨ་མ་ནི་ལན་རེར་བསམ་ན་ཁྱོད་ཀྱི་ཚེ་གང་ལ་གླ་ཆ་མི་དགོས་པའི་གཡོག་མོ་ཞིག་ཡིན་ལ། སྐབས་རེར་གཙང་བཙོག་མི་ཤེས་པའི་གླེན་མ་ཞིག་ཀྱང་རེད་། རྒྱུ་མཚན་ནིམོ་རང་གིས་བུའི་ངུ་སྐད་ཐོག་མ་རྣ་བས་ཐོས་རྗེས་གློ་དང་མཆིན་པ་གླན་རྒྱུ་མང་དྲགས། མིག་དང་རྣ་བས་སྐྱོར་རྒྱུ་ཤུགས་དྲགས་ནས་བུ་ཡི་ལུས་ནས་བཞུར་བའི་སྣབས་དང་ཁ་ཆུ། བཤང་གཅི་བཅས་ལ་ཞེ་མེར་ཙམ་ཡང་མེད་པར་བདག་སྐྱོང་གནང་ཚུལ་སྐོར་ལ། སྟོན་པ་ཐུགས་རྗེ་ཅན་གྱི་མདོ་ལས། ཀྱེ་མ་བདག་གི་མ་གང་གིས་བདག་ཟླ་བ་བཅུ་གཉིས་མངལ་འཇུག་གི་མདོ་དང་རྒྱལ་པོ་འཆར་བྱེད་ཀྱི་ཞུས་པ་ལས་ཟླ་དགུ་དང་བཅུའི་བར་ཡིནཀྱི་བར་དུ་མའི་མངལ་ན་འཆང་ཞིང་ཤིན་ཏུ་ཉོན་མོངས་པར་གྱུར་ནས་དེའི་འོག་ཏུ་དེས་བདག་ཤིན་ཏུ་ཚེགས་ཆེན་པོས་བཙས་པ་དང་། བདག་མངལ་གྱི་དྲི་མ་ལྗན་ལྗིན་དང་། ཁྲག་གིས་གཡོགས་པ་བཀྲུས་པ་དང་། བདག་གི་མཆུ་ཁ་ཆུ་ནལ་ནལ་པོར་གཤེར་བར་འདུག་པ་ལ་འོ་བྱས་པ་དང་། ཐབས་ཅི་ཡོད་པས་གསོས་པ་ནི། མཆོག་ཏུ་དཀའ་བར་བྱེད་པ་ཡིན་ཏེ ཞེས་དང་། ཡང་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་ཞུས་པ་ལས། གཞན་ཡང་མིའི་ཕ་མ་དག་ནི་དཀའ་བར་བྱེད་པ་དག་ཡིན་ཏེ། ཟླ་བ་དགུའམ། ཟླ་བ་བཅུར་མངལ་ནས་བཟུང་སྟེ། ཤིན་ཏུ་སྡུག་བསྔལ་བར་གཡོ་ཞིང་། གཅིན་དང་། ཕྱི་ས་ཡང་འཕྱི་བར་བྱེད། པང་དུ་བླངས་ནས་ནུ་ཞོ་ལྡུད་པར་བྱེདཞེས་དང་ལམ་རིམ་ཆེན་མོ་ལས་ཀྱང་། དེ་ནས་བཙས་པའི་དུས་སུ་སྤུ་སེར་ཟེང་ངེ་བ་ཞིག་ཤའི་དྲོད་ལ་བཅར། སོར་མོ་བཅུའི་ཁ་ལ་གཡེངས། ནུ་ཞོ་བསྣུན། ནོམ་བུ་ཁས་བསྙོད། སྣབས་ལུད་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ཀྱིན་ཐབས་སྣ་ཚོགས་ཀྱིས་སྐྱོ་ངལ་མེད་པར་གསོས།ཞེས་པ་འདི་ནི་དམ་པ་དག་གི་བསླབ་བྱ་ཙམ་མ་ཡིན་པར་དོན་དངོས་འཚོ་བའི་ཁྲོད་དུ་ང་ཚོའི་ཨ་མ་རྣམས་ནི་འདི་འདྲ་ཞིག་མ་ཡིན་ནམ། དུས་ཀུན་དུ་ཨ་མས་བུ་ཡི་ལུས་སྟེང་དུ་འབྱར་བའི་མི་གཙང་བའི་རིགས་ལ་དོགས་སྣང་ཙམ་མེད་པར། ཁ་དང་ལག་པས་འཕྱི་ཅི་ཐུབ་བྱེད་པའི་ངང་ཚུལ་དེ་མཐོང་བ་དང་དྲན་པའི་ཚེ། ཨ་མས་བུ་ལ་བཙོག་བལྟས་མེད་པའི་དོན་དེ་གསལ་བར་རྟོགས་ངེས། སོ་སོའི་བུའི་བཞིན་རས་ནི་འཇིག་རྟེན་ན་ཆེས་བཙོག་ཤོས་དེ་ཡིན་ཡང་། ཨ་མའི་མིག་ལམ་ན་ཆེས་ཡིད་དུ་འོང་བ་མཐོང་བཞིན་ཡོད། བུ་དེའི་སྐད་ངག་ནི་འཛེར་ལ་ཉན་མི་སྤྲོ་བ་ཞིག་ཡིན་ཡང་ཨ་མའི་རྣ་ལམ་དུ་ཆེས་སྙན་ཞིང་འཇེབས་པ་ཞིག་ཡིན་། དེ་ནི་ཨ་མའི་སེམས་ནས་བུ་ལ་དུངས་རྒྱུ་མང་དྲགས་པས་རེད། ཡིན་ཡང་ཉིན་ཞིག་ཨ་མ་དེ་ནད་ཀྱིས་མནར་ཏེ་ལུས་ནས་མི་གཙང་བ་འཆོར་ཞིང་ཁ་ནས་གཏམ་ངན་མང་པོ་གང་བྱུང་དུས། སྐབས་དེར་བུ་ཕྲུག་གིས་ཨ་མ་ལ་ཇི་ལྟ་བུའི་རྣམ་འགྱུར་སྟོན་མིན་ཞིབ་འཇུག་མི་དགོས་པར་མངོན་སུམ་གྱི་ཡུལ་དུ་གྲུབ་ཡོད། ཐོག་མ་ང་ཚོའི་རྣམ་པ་ཇི་འདྲ་ཡིན་པ། གོང་དུ་དྲངས་པའི་ལུང་དག་ལས་ཤེས་ནུས་མོད། ཞྭ་དམར་པཎྜི་ཏའི་ལམ་རིམ་ལས། མི་རྣམས་བློ་གྲོས་དང་ལྡན་པས་བུ་ལ་གཅེས་སྤྲས་ཆེ་བ་སྨོས་མི་དགོས། བཙས་མ་ཐག་པའི་སྐབས་སུ་སྲིན་འབུ་དམར་རྗེན་འདྲ་བ། རྐང་ལག་དང་མཇིང་བས་ཚུགས་མི་ཐུབ་པ། རྐྱེན་གང་ཡང་མི་གཟོད་ཅིང་བླང་དོར་ཅི་ཡང་མི་ཤེས་པ། མི་གཙང་བ་སྣ་ཚོགས་ཀྱིས་སྦགས་པས་ཤིན་ཏུ་སྐྱུག་བྲོ་བའི་གནས་དེ་ལ་དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་སྤྲོ་དང་བརྩེ་སེམས་ཀྱི་སྒོ་ནས་ཁྲུས་དང་བྱི་དོར་གང་འོས་བྱས། འཇམ་པའི་སྟན་ལ་བཞག་ཅིང་གོས་ཀྱིས་ལྕིབས། ངུ་བའི་ཚེ་སོར་མོ་བཅུའི་རྩེ་ལ་གཡེངས། འཁྱགས་ཀྱི་དོགས་ནས་ཉིན་མཚན་ཀུན་ཏུ་ཤའི་དྲོད་ལ་སྦྱར། བརྩེ་བའི་འཛུམ་གྱིས་བསུས་ཤིང་དགའ་བའི་མིག་གིས་བལྟས། གཅེས་མིང་སྣ་ཚོགས་ནས་བོས། དུས་དུས་སུ་མངར་བའི་ནུ་ཞོ་བསྣུན། སྣབས་ལག་པས་ཕྱིས་པས་ཆོག་མོད་ན་ཟུག་འབྱུང་གི་དོགས་ནས་ཁས་ཕྱིས། ཟས་ལག་པས་བྱིན་པས་ཆོག་མོད་ཟུག་ཡོང་གི་དོགས་པས་ལྕེས་བསྙོད། མི་གཙང་བ་ཤིང་བུས་བྲད་པས་ཆོག་སྟེ་ཟུག་ཡོང་གི་དོགས་ནས་ལག་པས་ཕྱིས། མཚན་མོ་ཉལ་བའི་དུས་སུ་ཡང་དབུགས་འཚུབ་ནས་ཤི་ཡི་དོགས། འོག་ཏུ་ཚུད་ནས་བསད་ཀྱི་དོགས་པའི་སེམས་ཁྲལ་ཁོ་ན་བྱས། གཉིད་ཐུན་གཅིག་ཀྱང་བདེ་བར་ལེན་མི་ཕོད་པ་དང་། རྨི་ལམ་ཚུན་ཆད་དུ་བུའི་འདུ་ཤེས་མ་བརྗེད་པར་འབྱུངཞེས་ང་ཚོར་མིག་བཙུམས་ན་ཡིད་ངོར་འཆར་བ་ཞིག་གསུངས་ཡོད་པས། འདི་དག་ལ་བསམ་ནས་ཨ་མའི་པང་དུ་ལྷུང་མ་ཐག་པའི་བུ་ཕྲུག་ཇི་ལྟར་སྐྱོང་བའི་སྐོར་བསམ་དགོས།

སྟོན་པ་ཐུགས་རྗེ་ཅན་དང་། མགོན་པོ་ཀླུ་སྒྲུབ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤརྗེ་བླ་མ་སོགས་རྒྱུ་འབྲས་ཀྱི་གནས་ལུགས་མཐའ་དག་རྗེན་པར་གཟིགས་པ་རྣམས་ཀྱིས་རྨད་དུ་བྱུང་བའི་བསྟན་བཅོས་ཁྲོད་དུ། ཨ་མས་བུ་ཕྲུག་ལ་ཇི་ལྟར་བརྩེ་བའི་སྐོར་གསལ་བར་བསྟན་ཡོད། དེར་མ་ཟད་སྟོན་པ་བཅོམ་ལྡན་འདས་སྐུ་དངོས་ཀྱིས་རང་གི་ཡུམ་ཆེན་གྱི་དགེ་རྩའི་ཆེད་དུ་སུམ་ཅུ་རྩ་གསུམ་ནས་དབྱར་ཞལ་གྱིས་བཞེས་པར་ཡང་གསུངས་ཡོད། ནང་པའི་བསྟན་པ་ཕྱི་ནང་གསང་གསུམ་གང་ལ་བལྟས་ཀྱང་ཕ་མ་ནི་ཡུལ་མཆོག་ཏུ་གྱུར་བ་ཞིག་ཏུ་བཟུང་ཡོད། ཡིན་ཡང་ཕ་མའི་དྲིན་གཟོའི་སྐོར་གྱི་བཀའ་གསུང་དང་གཏམ་རྒྱུད་གང་ཡོད་ཚན་པ་རྗེས་མའི་ནང་དུ་འབྲི་ཆོག་རྒྱུ་ཡིན་པས་འདི་ནས་མང་ པོ་མི་གླེང་།

སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་ན་ཨ་མས་བུ་ལ་ཐན་དུ་བལྟ་བ་གོ་རྒྱུ་ཤིན་ཏུ་ཉུང་ལ། དེ་ལས་ལྡོག་སྟེ་བུ་ཡིས་ཨ་མ་དགྲ་རུ་འཛིན་པའི་གནས་ཚུལ་ཉིན་རེ་ལས་ཉིན་རེ་གོ་རྒྱུ་མང་པོ་འདུག་། འོན་ཀྱང་བུ་ཕྲུག་གིས་ཨ་མའི་པང་དུ་མི་གཙང་བ་བཏང་། གོས་ཀྱི་སྟེང་དུ་སྣབས་ལུད་བགོས་ཀྱང་ཕ་མས་ནི་ཁོ་ལ་ལྷག་པར་གཅེས་ཤིང་སྤྲོ་སྐྱིད་བྱེད་ས་དང་ལྟད་མོར་བལྟ་ས་དག་ལ་བུ་ཕྲུག་གི་འདོད་མོས་ལྟར་ཁྲིད་ནས་འགྲོམོད། སོ་སོ་ནར་སོན་རྗེས་ཨ་མའི་སྣབས་ལུད་གོས་ལ་འགོས་ན་ཨ་མའི་བཀའ་དྲིན་སེམས་ནས་དྲན་ཏེ། ང་ལ་ཨ་མས་གཅེས་ཤིང་སྐྱོང་ཡོད་བསམ་ཐུབ་མཁན་ཉུང་ཉུང་རེད། དེང་སང་སློབ་གྲྭའི་སྡེ་ཁག་སོགས་སུ་ཞིང་གྲོང་ན་གནས་པའི་ཕ་མ་རྣམས་བུ་ཕྲུག་ལ་ལྟ་རུ་སོང་དུས། ཕ་མའི་གོས་མདོག་དང་རྣམ་པ་མཐོང་ཚེ་འདི་ནི་ཁོ་ཚོའི་ཕ་མ་མིན་ཞེས་ངོས་ལེན་མ་བྱས་པའི་དངོས་བྱུང་གི་གཏམ་རྒྱུད་རེ་ཡང་ཐོས་རྒྱུ་འདུག བུ་ཕྲུག་གིས་ཕ་མ་རྒན་འཁོག་ཏུ་གྱུར་དུས་དྲིན་ལན་གོ་ལྡོག་གི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པས་འདི་ནི་མིའིརང་གཤིས་དང་འགལ་བའི་རིགས་ཡིན། ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་ལ། རྒྱུ་མཚན་ནཉིད་ཀྱི་དགོངས་པ་མཐར་ཐུག་ཀྱང་། སེམས་ཅན་ཡོངས་རྫོགས་ལ་བྱམས་དང་སྙིང་རྗེ་རིས་མེད་བྱེད་རྒྱུ་དེ་ཡིན་ལ། བྱམས་སྙིང་རྗེའི་གཞི་རྩ་ཡང་ཨ་མའི་བརྩེ་བ་ནས་མགོ་བཟུང་དགོས། དེའི་ཕྱིར་ཨ་མའི་བཀའ་དྲིན་ལ་ཕྱོགས་ཀུན་ནས་བསམ་བློ་གཏོང་བའི་ཐབས་ལམ་ནི་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ཉིད་གསོས་སྨན་བླ་ན་མེད་པ་ཞིག་ཡིན། སྤྱིར་སྟོན་པའི་བསྟན་བཅོས་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི། ཆོས་ལུགས་གང་དེར་དད་མོས་བྱེད་པའི་ཆེད་དུ་ཡིན་པ་མ་ཟད། འཇིག་རྟེན་ཡ་རབས་ཀྱི་ཚུལ་ལུགས་ཉམས་སུ་ལེན་ཆེད་ཀྱང་ཡིན་པས། ཆོས་ལུགས་དང་ལྟ་གྲུབ་ཀྱི་འཛིན་ཕྱོགས་ཁོ་ན་ལས་འདས་ལ། དེའི་རྒྱུ་མཚན་གྱིས་ཆོས་ལུགས་གང་ལ་དད་མོས་ཡོད་མེད་གཙོ་བོ་མ་ཡིན་པར། ཡ་རབས་ཀྱི་སྤྱོད་བཟང་དང་ཞི་བདེ་བཅས་ལ་དགའ་མོས་ཡོད་ན་ངེས་པར་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་དང་བསྟན་བཅོས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་རྣམས་ལ་འཇལ་དགོས་ཤིང་། ཚིག་ཙམ་མ་ཡིན་པར་བརྗོད་བྱའི་དོན་ལ་སྒྲོ་འདོགས་གཅོད་དགོས། དེ་ལྟར་བྱས་ན་ཁྱོད་ཀྱི་མི་ཚེ་ལ་ཡ་རབས་སྤྱོད་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ནས། སྤྲོ་སྣང་ལྡན་ཞིང་བག་ཕེབས་པའི་འཚོ་བ་ཞིག་ཐོབ་ངེས།

མི་སུ་ཡིན་ཡང་རང་ཉིད་འཇིག་རྟེན་འདིར་ཡོང་དུས་ག་འདྲ་ཞིག་ཡིན་མིན་བསམ་བློ་གཏོང་རྒྱུ་ནི་དངོས་གནས་གལ་ཆེན་ཡིན་མོད། ལང་ཚོའི་དྲེགས་པ་ཅན་འགའ་རེས་"ཕ་མ་རྒས་པོ་དང་མཉམ་དུ་སྲང་ལམ་ལ་འགྲོ་རྒྱུར་ངོ་ཚ་ཞེས་དང་། ཡང་འགའ་རེས་གོང་དུ་བཤད་པ་བཞིན་སློབ་གྲྭ་ནས་རང་གི་ཕ་མ་ལ་ཁྱོད་ཀྱི་བུ་རྒྱུད་ཡིན་ཟེར་རྒྱུ་ལ་ངོ་ཚ་ཡོང་། ང་ལ་ཁྱོད་ལྟ་བུའི་ཕ་མ་ཞིག་ཡོད་ཟེར་རྒྱུ་ལ་ངོ་ཚབར་བཤད་པའི་གནས་ཚུལ་ཐོས་རྒྱུ་འདུག་ལ། དེ་དག་གིས་རང་ཉིད་ནི་སྐྱེས་མ་ཐག་ནས་ག་འདྲ་ཞིག་ཡིན་པ་དང་ག་འདྲ་སྐྱོང་གཉེར་བྱས་པའི་བཀའ་དྲིན་མ་བསམ་པར་མ་ཟད། ཐོག་མ་མི་གཞན་གྱིས་ལྟ་འདོད་ཙམ་ཡང་མི་སྐྱེ་སའི་ཕྲུ་གུ་དམར་འབྱར་མ། མིག་སྤུ་གཟེངས་པ། གདོང་ན་གཉེར་མ་མང་བ། མི་གཙང་བ་གང་སར་འཆོར་ཤིང་། ཨག་རྒྱངས་བར་མེད་བྱེད་མཁན་ཞིག་ཡིན་། གང་ཟག་སུས་མཐོང་ནའང་ཡིད་དུ་འཐད་པ་ཞིག་གཏན་ནས་མིན། དེ་དུས་ཀྱང་ཕ་མ་གཉིས་ཀྱིས་ཞྭ་ལྟར་མགོ་ལ་བཞག གཅེས་པའི་ནོར་ལྟར་བྲང་དུ་སྦྱར། འོན་ཀྱང་། ཕ་མ་རྒ་བའི་དུས་ན་ཐ་ན་ཁྲོམ་སྲང་་ཡང་མཉམ་དུ་འགྲོ་རྒྱུར་ངོ་ཚ་བ་ནི་ནང་བསྟན་རིག་གཞུང་ལྟ་བུའི་ཁྱད་འཕགས་བསྟན་བཅོས་ལ་བློ་སྦྱོང་ཡོད་པ་ཕར་བཞག འཇིག་རྟེན་སྤྱིའི་འགྲོ་སྟངས་ཙམ་ཡང་མ་ཤེས་པའི་རྟགས་ཡིན། ནང་བསྟན་ནི་དེའི་ཕྱོགས་ལ་སློབ་གསོ་གཏོང་བྱེད་ཀྱི་རིག་གཞུང་མཆོག་ཏུ་གྱུར་བ་ཞིག་ཡིན་པ་སྔོན་གྱི་རྒྱལ་པོ་གཙུག་ཕུད་ཅན་དང་སོར་འཕྲེང་ཅན་གྱི་གཏམ་རྒྱུད་ལས་གསལ་བར་ཤེས

གཉིས། ཨ་མའི་དཀའ་སྡུག་དང་བུ་ཕྲུག་གི་འཚར་ལོངས།

གོང་དུ་བཤད་པ་བཞིན་ཨ་མའི་འགྲོ་འཆག་ཉལ་འདུག་གི་གནས་གང་དུའང་བུ་ཕྲུག་ལ་ཉེན་ཟོན་བྱེད་པའི་བློའི་རྩིས་ཟིན་ནས་ཡོད་པས། ཨ་མའི་དཀའ་སྤྱད་ནི་བུ་ཕྲུག་འཚར་ལོངས་འབྱུང་བའི་མཐུན་རྐྱེན་ཨང་དང་པོ་ཡིན། དེའི་ཕྱིར་ཨ་མའི་ནུ་ཞོ་མངར་མོས་བུ་ཕྲུག་གི་ལུས་ཁམས་གསོས་ཡོད་ལཨ་མའི་གཅེས་ངག་རེ་རེས་བུ་ཕྲུག་གི་སེམས་ཁམས་གསོས་ཡོད། འདི་ལྟ་བུའི་རྟེན་འབྱུང་གི་ཚོགས་པ་གང་མང་ཞིག་ཨ་མ་ལ་རག་ལས་པ་ཤ་སྟག་ཡིན། ཨ་མས་ཉིན་མཚན་དུས་དྲུག་ཏུ་བུ་ཕྲུག་ལ་བྱ་ར་བྱས་ནས་དེ་ཇི་ལྟར་འཚར་ལོངས་འབྱུང་བའི་བསམ་བློའི་སྐོར་ནས་ཅུང་ཙམ་བཤད་ན། 1བྱིས་པའི་ལུས་པོའི་མདོག་དང་ལྕི་ཚད། སྐད་ངག་གི་རྣམ་འགྱུར་ལ་བལྟས་ནས་སྔ་ཉིན་དང་ཕྱི་ཉིན་བར་གྱི་འགྱུར་བར་བལྟ་བ། 2གཅེས་མིང་སྣ་ཚོགས་ནས་བོས་ཏེ་མིང་ལ་བདག་གིར་འཛིན་ཨེ་ཐུབ་བལྟ་བ། 3དུས་ངེས་མེད་ལ་ངུ་སྐད་འབྱིན་པ་དང་རྐང་ལག་བརྐྱངས་བསྐུམས་བྱེད་པ་ཙམ་ལའང་རྒྱུ་རྐྱེན་ཞིབ་ཏུ་བཙལ་བ། 4མིག་གིས་མཛུབ་མོ་ལ་བལྟ་ཤེས་པ་ཙམ་ནས་དགོད་ཁ་སློང་བ་སོགས་བྱས་ནས་རྣམ་རིག་གསོ་སྐྱོང་བྱེད་པ། 5གོམ་པ་སྤོ་ཐུབ་ཙམ་ནས་ཨམ་ཙེ་གོམ་ཙེ་བྱས་ཏེ་འགྲོ་ལུགས་བསླབས་པ། 6ཨ་མའི་མིང་གིས་འབོད་ཤེས་པ་ནས་འཇིག་རྟེན་གྱི་ཐ་སྙད་རེ་རེ་བཞིན་སློབ་པ། 7འགྲོ་ཡོང་བྱེད་ཐུབ་པ་ནས་མེ་ཆུ་སོགས་ཀྱི་ཉེན་ཁ་དང་འཕྲད་ཨེ་འཇོག་དོགས་ཏེ་གང་ལ་སོང་ན་གྲིབ་མ་བཞིན་རྗེས་སུ་འདེད་པ། 8ལྟོ་གོས་སོགས་ནས་གང་ཞིམ་དང་གང་ཡག་བྱེད་པ། 9རང་གི་དཀའ་བས་བསགས་པའི་རྒྱུ་ནོར་རྣམས་ཕངས་མེད་དུ་འཇོག་པ་སོགས་མིག་མཐོང་ལག་ཟིན་གྱི་ཆོས་ཡིན་ཡང་། འདི་དག་གི་རྒྱབ་རྟེན་དུ་རྒྱལ་བའི་བཀའ་དང་མཁས་པའི་ལུང་ཉུང་ཙམ་ཞིག་བགྲང་ན། མདོ་ལས། པང་དུ་བླངས་ནས་ནུ་ཞོ་ལྡུད་པར་བྱེད། ཕུང་པོ་རྣམས་བསྐྱེད་པར་བྱེད། ཁམས་རྣམས་གསོ་བར་བྱེད། འཇིག་རྟེན་སྟོན་པར་བྱེད། འཛམ་གླིང་སྣ་ཚོགས་སྟོན་པར་བྱེད། དོན་དུ་འདོད། ཕན་པར་འདོད། གྲུབ་པ་དང་། བདེ་བར་འདོད། འཇིག་རྟེན་ལ་ཡང་ཕན་པར་འདོད་པ་སྟེ། སྦྱིན་པའི་གནས་ཡིན་ལ། བུ་ལ་ཕན་པ་དང་། བདེ་བར་འདོད་པས། ཞེས་བྱིས་པ་དམར་འབྱར་པང་དུ་བཟུང་བ་ནས་འཚར་ལོངས་འབྱུང་བའི་གོ་རིམ་གྱི་ཕྱི་ནང་གཉིས་ལ་ཨ་མར་བརྩེ་བ་དང་དཀའ་སྡུག་ཟུང་འབྲེལ་ཡིན་པ་བསྟན་ཡོད་ལ། བྱང་ཆུབ་ལམ་རིམ་ཆེན་མོར་ཡང་། ནུ་ཞོ་བསྣུན། ནོམ་བུ་ཁས་བསྙོད། སྣབས་ལུད་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ཀྱིན་ཐབས་སྣ་ཚོགས་ཀྱིས་སྐྱོ་ངལ་མེད་པར་གསོས། དེ་ཡང་བཀྲེས་སྐོམ་གྱི་དུས་སུ་བཟའ་བཏུང་དང་འཁྱགས་པའི་དུས་སུ་གོས་དང་ཕོངས་པའི་དུས་སུ་ནོར་རང་གིས་སྤྱད་མི་བྲ་བ་རྣམས་བྱིན། ཡོ་བྱད་དེ་རྣམས་ཀྱང་བདེ་བླག་ཏུ་རྙེད་ནས་མིན་གྱི། སྡིག་དང་སྡུག་དང་གཏམ་ངན་དང་བསྲེས་ཀྱིན་ཤ་ཐང་ཐང་དུ་བཙལ་ནས་བྱིན་པ་ཡིན། བུ་ལ་ན་ཚ་ལ་སོགས་པའི་སྡུག་བསྔལ་བྱུང་ན། བུ་འཆི་བ་བས་རང་འཆི་བ་དང་བུ་ན་བ་བས་རང་ན་བ་དང་བུ་སྡུག་པ་བས་རང་སྡུག་པ་ལ་བསམ་པ་ཐག་པ་ནས་འདམ་ཞིང་སྦྱོར་བས་དེ་བསལ་བའི་ཐབས་བྱེད་པ་ཡིནཞེས་ཕ་མས་ཚེ་གཅིག་ལ་བསགས་པའི་རྒྱུ་ནོར་ཡོད་ཚད་བུའི་དོན་ལ་བཞག རྒྱུ་ནོར་ཅི་ཙམ་བྱུང་ཡང་དེ་ནི་ཕ་མ་གཉིས་ཀྱིས་དཀའ་སྤྱད་རྔུལ་ཆུ་དང་བསྲེས་ཏེ་རྙེད་པ་ལས། གནམ་ལ་ལག་པ་གཟེད་པས་ལྷུང་ཡོང་་ཞིག་གཏན་ནས་མིན།

ཞྭ་དམར་ལམ་རིམ་ལས། འགྲོ་ཐུབ་ཙམ་གྱི་ཚེ་ལག་པ་ནས་བརྟེན་ཏེ་གོམ་པ་གཅིག་སྤོ་གཉིས་སྤོའི་ཚུལ་གྱི་འགྲོ་ལུགས་བསླབས། ཨ་ཕ་ཨ་མ་ཟེར་ལུགས་སོགས་གཏམ་རེ་རེ་ནས་རིམ་གྱིས་བསླབས། མེ་ནང་དུ་ཚིག་པ་དང་ཆུས་ཁྱེར་གྱི་དོགས། གཡང་ལ་རྦབ་ཏུ་འདྲིལ་གྱིས་དོགས་ནས་ལྟ་རྟོག་དང་། བཟའ་བཏུང་གི་དྲོ་གྲང་མཛུབ་མོ་སོགས་ཀྱིས་བརྟགས། ཚ་ན་ཁ་ཚིག་གི་དོགས་པས་ཕུ་དག་པ་སོགས་བྱེད། ཞེས་དང་། སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་ནས་འབད་པས་བསྒྲུབས་པའི་རྒྱུ་ནོར་ཐམས་ཅད་བུ་ལ་ཨེ་འཕྲོད་ཀྱི་རེ་བ་རྒྱུན་ཆགས་སུ་ཡོད་པ་བཞིན། ནར་སོན་ཏེ་ཁྱིམ་སོ་བཟུང་བའི་ཚེ་རང་གིས་ཟ་མ་ཕོད། གྱོན་མ་ཕོད། སྤྱད་མ་ཕོད་པའི་ཟས་གོས་ལོངས་སྤྱོད་ཁང་ཞིང་ནོར་ཕྱུགས་ཐམས་ཅད་ལྷག་མ་མེད་པར་བུ་ལ་བྱིན་པ་ན་གཏན་གྱི་འདུན་མ་འགྲུབ་པ་འདྲ་བའི་དགའ་སྤྲོ་སྐྱེས། ཞེས་གསུངས།

བིས་པ་མི་ཕམ་ཟླ་བས། འགྲང་དུས་འཛུམ་ཞིང་བགད་ན་སྤྲོ་བ་སྐྱེས། །ལྟོགས་དུས་གཡོ་ཞིང་ངུ་བ་སྐད་ཅིག་ཀྱང་། །མི་བཟོད་ནུ་མ་བསྣུན་པའི་དྲིན་ཅན་མ། །ཞེས་ཨ་མས་བུ་ལ་བྱ་ར་བྱེད་ཚུལ་བསྟན་ཞིང་། རྐང་བཞི་དུད་འགྲོ་ལྟ་བུར་འགྲོ་བའི་དུས། །ལག་མགོས་འཐེན་ནས་རྐང་གཉིས་འདེགས་འཇོག་གི། གྱ་ཙེ་གོམ་ཙེ་སློབ་པའི་དྲིན་ཅན་མཞེས་ང་ཚོ་འགྲོ་ཤེས་པ་ཡང་ཨ་མའི་བཀའ་དྲིན་ཡིན་པ་དང་། འགྲོ་ཤེས་པའི་དོན་དུ་ཨ་མའི་དུས་ཚོད་ག་ཙམ་བརླག་པའི་ཚུལ་གསལ་བར་བཤད་ལ། དང་པོ་གླེན་པ་ལུག་ལྟར་ལྐུགས་པ་ཞིག། ད་ལྟ་ཐམས་ཅད་སྨྲ་ཞིང་དོན་གོ་བའི། །མི་སྐད་འདི་ཙམ་བསླབས་པའི་དྲིན་ཅན་མ། །ཞེས་ཨ་མ་ནི་བུ་ཕྲུག་གི་ཐོག་མའི་ཕ་སྐད་སློབ་མཁན་ཡིན་པ་སོགས་ཚིགས་བཅད་དེ་གཅིག་ལ་བལྟས་ན་ཡིད་དུ་འཐད་པ་འདུག་ཀྱང་ངས་སྐབས་སུ་དོན་དང་མཐུན་པའི་ལུང་དྲངས་པ་མ་གཏོགས་ཐམས་ཅད་བཤུས་ན་ཉོག་འགྲོ་བསམ་ནས་བཞག་པ་ཙམ་ཡིན་ནའང་ཨ་མའི་དྲིན་ལན་ལ་ཐུགས་བསམ་བཞེས་མཁན་ཚོས་ངེས་པར་གཟིགས་དགོས་་ཞིག་རེད་འདུག

འདི་ལྟར་བཤད་དུས་ཨ་མ་ནི་བུ་ཕྲུག་གི་ཕ་སྐད་ཀྱི་ཐོག་མའི་དགེ་རྒན་དང་། འཚོ་བའི་ལམ་སྟོན་པ། ཟས་གོས་ཀྱི་བྱེད་པོ། ཉིན་མཚན་དུས་དྲུག་གི་བྱ་ར་མཁན། ལེགས་ཉེས་གང་བྱུང་གི་མགོན་སྐྱབས་དང་རྒྱབ་དཔུང་། རྒྱུ་ནོར་ལོངས་སྤྱོད་བསགས་པ་ཐམས་ཅད་ཕངས་མེད་དུ་བྱིན་མཁན་བཅས་ཡིན། མདོར་ན་འཇིག་རྟེན་འདིར་བུ་ཕྲུག་གི་དོན་དུ་མི་ཚེ་དཀའ་སྡུག་ཟད་མཁན་ནི་ཕ་མ་ལས་གཞན་མེད་པ་ཤེས་དགོས་ལ། དེའི་རྒྱུ་མཚན་གྱིས་ཕ་མའི་བཀའ་དྲིན་ལ་ཡང་ཡང་བསམ་བློ་གཏོང་དགོས། བསམ་ནས་ཕ་མར་མི་ཚེར་འདིར་དྲིན་ལན་གང་ཐུབ་ཅི་ཐུབ་ཀྱིས་གཟོ་དགོས།

བུ་ཕྲུག་ནི་ཕ་མའི་ལུས་སེམས་གཉིས་ཀྱི་ཁུར་པོ་གཅིག་པུ་ཡིན་ལ། གལ་ཏེ་ཕ་མ་ལ་བུ་ཕྲུག་ཟེར་བའི་ལན་ཆགས་འདི་མེད་ན། འཇིག་རྟེན་གྱི་ལོངས་སྤྱོད་ནི་རང་ལ་འདང་ཙམ་གྱིས་ཆོག་པས། ངལ་བ་འདི་འདྲ་བྱེད་ག་ལ་དགོས། འོན་ཀྱང་ཕ་མས་འབད་པ་གང་བྱས་བུ་ཕྲུག་གི་དོན་དུ་ཡིན་། ཕ་མ་མང་པོ་ཞིག་གིས་བུ་ཕྲུག་གི་དོན་དུ་རང་ཉིད་ཀྱི་མི་ཚེའི་དུས་ཚོད་མང་ཤོས་བཏང་ཚར་བར་མ་ཟད། ཐ་ན་རང་སྲོག་ཀྱང་འདོར་བཞིན་ཡོད། ཨ་མས་མཆན་འོག་ལ་བུ་ཕྲུག་བཟུང་ནས་རང་ཉིད་ཁྱི་དང་སྤྱང་ཀིས་ཟོས་ཀྱང་བུ་ཕྲུག་ལ་གནོད་པ་མ་བྱུང་པའི་དངོས་བྱུང་གཏམ་རྒྱུད་མང་པོ་ཡོད་ལ། བུ་ཕྲུག་རྣམས་ཀྱི་ཁ་ཟས་ཀྱི་ཆེད་དུ་ཕ་མས་གཞན་ལ་འཁོན་འཛིང་བྱས་ནས་རང་སྲོག་དོར་བའངམང་། དེའི་ཕྱོགས་ལ་མི་ཙམ་མ་ཟད། དུད་འགྲོ་ལའང་ཡིད་སེམས་དབང་མེད་འཕྲོག་པའི་གཏམ་རྒྱུད་མང་པོ་ཡོད་དེ། ཉེ་ཆར་དྲ་ལམ་ཁག་ཏུ་རི་དྭགས་གཙོད་མ་ཞིག་དང་གཙོད་ཕྲུག་གཉིས་མཉམ་དུ་སེང་གེའི་འཇིགས་པ་དང་འཕྲདགཙོད་མས་རང་གི་ཕྲུ་གུའི་སྲོག་ཐར་ཕྱིར་རང་ཉིད་བསྡད་ནས་གཙོད་ཕྲུག་འབྲོ་རུ་བཅུག་ཅིང་། རང་ཉིད་ལ་གཅན་གཟན་གདུག་པ་ཅན་གྱིས་མཆེ་བ་སྐེར་བཙུགས་པའི་སྐད་ཅིག་མ་དེའི་ནང་དུའང་མགོ་བོ་ཡར་བཏེགས་ནས་གཙོད་ཕྲུག་གི་རྗེས་ལ་ལྟ་བཞིན་པའི་པར་རིས་གསོན་པོ་དག་མཐོང་དུས། ཕ་མའི་དཀའ་སྤྱད་ཀྱི་ཀློང་ན་བུ་ཕྲུག་གཉོམ་ལག་རྒྱས་བཞིན་པའི་གནས་ལུགས་མཐོང་ཐུབ།

གཞན་ཡང་གོང་དུ་བཤད་པའི་རྒྱལ་པོ་གཙུག་ཕུད་ཅན་ནམ་མ་སྐྱེས་དགྲ་མངལ་དུ་ཡོད་དུས། བྲམ་ཟེ་མངོན་ཤེས་ཅན་ཞིག་གིས་བུ་འདི་མ་འོངས་པ་ན་ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོའི་དགྲར་འགྱུར་རྒྱུ་ཡིན་པ་ལུང་བསྟན། སྐབས་དེའི་དུས་ཡུམ་ཆེན་གྱིས་མངལ་ནས་གཡུག་ཐབས་བྱེད་པར་བཤད་ཀྱང་ཡབ་ཀྱིས་འཐད་མོས་མ་བྱས་པར་མ་ཟད། མ་སྐྱེས་དགྲ་ཆུང་དུས་ལག་པའི་མཐེ་བོང་ལ་གཉན་འབུར་བུད་པ་ཡབ་རྒྱལ་པོའི་ཁས་འཇིབ་ནས་རྣག་ཁྲག་རྟོལ་བ་སོགས་བརྩེ་བས་བསྐྱངས་མོད། དེ་ལས་ལྡོག་སྟེ་ཕ་དགྲ་རུ་བཟུང་ནས་བཀྲོངས། ཡིན་ཡང་མ་སྐྱེས་དགྲ་རང་ཉིད་ཕ་རུ་གྱུར་དུས་གཞི་ནས་ཁོའི་རྒྱུད་ལ་ཡང་ཕ་ཡི་བརྩེ་བ་སྐྱེས་ཚུལ་སོགས་སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་དུ་གསལ།  ཁྱོད་ཉིད་བུ་ཕྲུག་ལ་ཇི་ལྟར་བརྩེ་བ་བཞིན་དུ་སོ་སོའི་ཕ་མས་ཀྱང་ཁྱོད་ལ་དེ་ལྟར་བརྩེ་བ་ཤེས་དགོས་པའི་སློབ་སྟོན་གནང་ཡོད། གལ་ཏེ་ཁྱོད་ཀྱི་སེམས་ལ་ང་ནི་རང་གི་བུ་ཕྲུག་ལ་དུངས་དུངས་དང་། ངའི་ཕ་མ་ངར་དུངས་པ་མི་འདུག་སྙམ་ནམ་སྐྱེས་དགྲ་དང་དེའི་མའི་བསམ་པ་དང་གཅིག་མཚུངས་སུ་གྱུར།

གསུམ། ཨ་མའི་དྲིན་གཟོ་དང་འཇིག་རྟེན་གྱི་ཡ་རབས།

ཨ་མའི་དྲིན་གཟོ་བར་ཐོག་མ་ཨ་མའི་དྲིན་ཤེས་དགོས། དེའི་ཕྱིར་གོང་དུ་ཨ་མའི་དཀའ་སྤྱད་དང་གཅེས་སྐྱོང་གཙོ་བོར་བྱས་ནས་བཤད་ཡོད། ད་ནི་བུ་ཕྲུག་གིས་ཕ་མ་ལ་བྱམས་སྐྱོང་བྱེད་དགོས་པའི་ཐད་ནས་བགྲོ་གླེང་བྱ་རྒྱུ་ཡིན། འཇིག་རྟེན་གྱི་སྤྱོད་པ་ལ་ཡ་རབས་དང་མ་རབས་ཀྱི་སྤྱོད་པ་གཉིས་སུ་དབྱེ་ལ། ཡ་རབས་ནི་མདོ་ལས། ཡ་རབས་རིགས་ལྡན་གུས་ཤིང་བག་ཡོད་སྤྱོད། །ངང་ཚུལ་བཟང་ལ་གཙང་ཞིང་དེས་པར་འགྱུར།ཞེས་ཡ་རབས་ཀྱི་དོན་མདོ་ཡི་ཚིག་ཟུར་རེ་རེ་ནས་ངོས་བཟུང་དགོས། ཡ་རབས་ཟེར་བའི་ཐ་སྙད་འདི་བྱུང་བ་ནས་བཟུང་། འཇིག་རྟེན་སྟེང་ལ་བདེན་པ་དང་གནས་ལུགས་ཟེར་བའི་ལེགས་ཉེས་དབྱེ་འབྱེད་པའི་ཐ་སྙད་ཅིག་ཀྱང་བྱུང་། ལེགས་ཉེས་ཟེར་བ་ཡང་མིའི་རྣམ་རྟོག་གིས་ཕར་བཏགས་ཙམ་ལས་མེད་ཀྱང་འདི་ལ་བརྟེན་ནས་རྒྱལ་ཁམས་ཡོངས་ཀྱིས་ཡང་དག་དང་ཉེས་དམིགས་ཀྱི་རྣམ་བཞག་གཏན་ལ་དབབ་དང་དབེབས་བཞིན་ཡོད། ངས་སྟོན་པ་བཅོམ་ལྡན་འདས་གཙོ་བྱས་པའི་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་དག་གི་གསུང་ལ་མཇལ་དུས། ཡ་རབས་ཟེར་བ་གང་ལ་འཇོག་དགོས་པའི་གནས་ལུགས་དེ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་མཐོང་ཡོང་དེའི་ནང་དུ་བསྟན་པའི་ཡ་རབས་ལ་ངེས་པར་ཚང་དགོས་པ་ཞིག་ནི་ཕ་མར་གུས་བཀུར་དང་དྲིན་གཟོ་བྱེད་པའི་ལྟ་བ་དེ་རེད།

ངས་ཕ་མར་ངེས་པར་གཅེས་དགོས་པའི་སྐོར་ལ་བསམ་བློ་ཞིབ་ཏུ་བཏང་ས། ཕྱོགས་གསུམ་ནས་ཕ་མ་གཅེས་ནས་དྲིན་གཟོ་དགོས་པར་བསམ།

(1)ཕ་མ་གཅེས་པ་ནི་དམ་པ་ཡིན།

གང་ལ་དྲིན་ཆེ་བ་དེ་ལ་ཁྲེལ་མེད་བྱེད་མི་ཉན་། དེ་སྟོན་པ་ཉིད་ནས་བརྒྱུད་པའི་ཡ་རབས་ཀྱི་བསླབ་བྱ་ཡིན་ལ། བསླབ་བྱ་དེ་ནི་འཇིག་རྟེན་སྤྱིར་ཕན་པའི་སྨན་གྱི་བསླབ་བྱ་ཞིག་ཡིན་པས། ནང་བསྟན་པ་གཅིག་པུས་ཉམས་སུ་ལེན་དགོས་པ་ཞིག་མིན་ལ། ཡང་ན་དགེ་ཚུལ་སློང་གི་བསླབ་བྱ་ལྟ་བུ་རབ་བྱུང་ཁོ་ནས་ཉམས་ལེན་དགོས་པ་ཞིག་གཏན་ནས་མ་ཡིན་པར། གནམ་འོག་གི་འགྲོ་བ་མིའི་རིགས་ཡོངས་ལ་གནང་བའི་བསླབ་བྱ་ཞིག་ཡིན། འདི་ལ་རིགས་རུས་དང་། ས་ཕྱོགས། རྒྱལ་ཁམས། ཆོས་ལུགས་ཀྱི་དབྱེ་བ་གཏན་ནས་མེད་པར་ཚང་མས་ཉམས་སུ་ལེན་ཆོག

སྟོན་པ་བཅོམ་ལྡན་འདས་ཀྱི་ཁྲེལ་ཡོད་དགོས་པར་གསུངས་པའི་ནང་ལས་ཕ་མ་དྲིན་གཟོ་བ་ནི་ཁྲེལ་ཡོད་དང་། ཡང་ན་དམ་པའི་ལུགས་སུ་གསུངས་པའི་བཀའ་སློབ་གསེར་གྱི་རི་བོ་འདྲ་བ་ཡིན་ལ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱ་མཚོ་དང་ནི་རི་རབ་དང༌། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི་མི་རྒོད་ཅིང༌། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས།ཞེས་དྲིན་གཟོ་བ་དང་དྲིན་ཚོར་བ་མཁས་པས་བསྔགས་འོས་ཀྱི་གནས་དང་དམ་པ་ཡིན་པར་གསུངས་ལ། འདི་ལ་འགྲེལ་གནང་བའི་ཚེ་རྗེ་བླ་མས་ཀྱང་། རྒྱ་མཚོ་རི་རབ་དང་བཅས་པའི་ཁུར་ལས། བྱས་པ་མི་གཟོ་བ་ཁུར་ཆེ་བ་དང༌། བྱས་པ་གཟོ་བ་ནི་མཁས་པས་བསྔགས་པའི་གནས་སུ་གསུངས་ཏེ། ཞེས་སྟོན་པའི་དགོངས་པ་ཇི་ལྟ་བ་བཞིན་གསུངས་ཡོད། སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱང་ཡུམ་གྱི་དྲིན་ལན་མཇལ་ཕྱིར་སུམ་ཅུ་རྩ་གསུམ་ལ་ཕེབས་པ། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། ཡུམ་སྒྱུ་མ་ལྷ་མཛེས་མ་སུམ་ཅུ་རྩ་གསུམ་དུ་སྐྱེས་ཡོད་པ་དེ་རྗེས་སུ་བཟུང་བ་སོགས་ཀྱི་ཆེད་དུ་སུམ་ཅུ་རྩ་གསུམ་དུ་བྱོན་ནས་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ཨར་མོ་ནི་གའི་སྟེང་དུ་ཤཱ་རིའི་བུ་དང་འོད་སྲུང་ཆེན་པོ་སོགས་དགྲ་བཅོམ་པ་བརྒྱད་སྟོང་དང་ལྷན་དུ་དབྱར་ཞལ་གྱིས་བཞེས། ཞེས་གསུངས་པ་ལྟ་བུ་མང་།

མ་ཟདབུད་མེད་སོགས་ཀྱི་དབང་དུ་བྱས་ན་ཕ་མར་བརྙས་པ་ནི་ངན་སོང་ལ་སྐྱེ་བའི་རྒྱུ་ཡིན་པས། དྲིན་གཟོ་བའི་ཕན་ཡོན་མང་བ་སོགས་གསུངས་ཡོད། དང་པོ་ཕ་མར་བརྙས་པའི་ཉེས་མིགས་ནི། དཀོན་བརྩེགས་ལས། རྒྱལ་པོ་ཆེན་པོ་བུད་མེད་ཀྱི་དབང་དུ་སོང་ནས་འདོད་པ་རྣམས་ལ་བསྟེན་ཅིང་ཕ་མ་ལ་བརྙས་པ་དང་། ངན་འགྲོར་འགྲོ་བར་འཇུག་པ་ད་ནི་སྐྱེས་པའི་སྐྱེས་བུའི་སྐྱོན་གཉིས་པ་ཡིན་ནོ། །ཞེས་གསུངས།

གཉིས་པ། དཀོན་བརྩེགས་ལས། གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་རྟག་ཏུ་བདེ་ཞིང་ཡིད་ཀྱང་བདེ་འགྱུར་ལ། །འདི་ལ་ལྷ་དང་བཅས་པ་དང་ནི་དབང་པོ་དང་། །དེ་བཞིན་འདི་ལ་ཚངས་པར་བཅས་པའི་རིགས་སུ་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་སོང་ན་ཕྱིར་འོང་བ་ཡང་འགྲུབ་འགྱུར་ཞིང་། །རྒྱ་མཚོ་ཆེན་པོ་ནས་ཀྱང་བདེ་ཞིང་ལེགས་འོང་སྟེ། །དེ་ལྟར་བྱེད་པ་དག་ནི་རབ་མཆོག་རྙེད་པ་ཡིན། གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ཡི། །ཚོང་པ་དེ་དག་ཡོན་ཏན་ཀུན་གྱི་གཙོ་འགྱུར་ཞིང་། །དེ་བཞིན་ཞིང་ལས་འབྲས་བུ་ཕུན་སུམ་ཚོགས་འབྱུང་སྟེ། །བསོད་ནམས་བགྲང་བའི་དོན་དུ་བརྗོད་པར་མི་ནུས་སོ། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཁུར་རྣམས་ཁྱེར་བའི་རྔ་མོང་རྣམས་དང་ཡང་། །ཡང་ན་གླང་དང་བོང་བུ་དག་ཏུ་མི་འགྱུར་ཏེ། །མི་རྣམས་དེ་དག་སྤུ་གྲིའི་སོ་ལ་རྫི་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཆུ་བོ་རབ་མེད་དང་ནི་མེ་མུར་དང་། །སྤུ་གྲིའི་སོ་དང་ལྡན་པ་ལ་ཡང་མི་རྒལ་ཏེ། །དེ་དག་ཟངས་ཁུ་བསྐོལ་བ་འཐུངས་པར་ཡོང་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ནོར་དང་འབྲུ་ནི་མི་ཉུང་བ་དག་དང་། །ཆུང་མ་དང་ནི་བུ་དང་བུ་མོ་དག་དང་ཡང་། །བཻ་དཱུརྱ་དང་རིན་ཆེན་ས་ལེ་སྦྲམ་ཡང་རྙེད། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་རབ་འཕྲུལ་ལྷའི་ཕོ་བྲང་དག་དང་ནི། །རྩིབ་འགྱུར་དང་ནི་འདྲེས་པའི་ཚལ་ཡང་མཐོང་འགྱུར་ཏེ། །ལྷ་རྣམས་དུ་མས་རྟག་ཏུ་མདུན་དུ་བདར་བར་འགྱུར། །མི་ཡི་གཙོ་བོར་གྱུར་ཅིང་ལྷ་ཡི་ལྷར་གྱུར་བ། །ཐུབ་པ་ཆེན་པོ་འདི་འདྲའི་གསུང་ནི་ཐོས་གྱུར་ན། །རྒས་ཤིང་དབང་པོ་ཤིན་ཏུ་ཉམ་ཆུང་གྱུར་བ་ཡི། །ཕ་མ་སྦྱིན་གནས་དམ་པ་སུ་ཞིག་གསོ་མི་བྱེད། །ཞེས་ཕ་མ་རྒས་པ་དྲིན་གཟོའི་ཕན་ཡོན་སྒོ་མི་འདྲ་བ་དུ་མ་གསུངས་ཡོད

དེ་དང་དེ་བཞིན་དུ། རྗེ་བླ་མ་དང་། རྒྱ་བོད་མཁས་པ་མང་པོའི་ཕ་མའི་དྲིན་གཟོའི་སྐོར་ཀྱི་བཀའ་སློབ་མང་། གུང་ཐང་བསྟན་པའི་སྒྲོན་མེའི་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་པ་མཆོག་གི་འཇུག་ངོགས་ལས། དྲིན་ཆེ་བར་ཤེས་ཀྱང་དྲིན་གཟོ་མི་བྱེད་པ་ཤིན་ཏུ་སྨད་པའི་གནས་ཁྲེལ་མེད་ཀྱི་སྤྱོད་པ་ཡིན། རང་ཅག་དང་ཐུབ་པའི་དབང་པོ་གཉིས་མ་རྒན་འདི་དག་གིས་སྔོན་ཚད་མེད་པའི་དྲིན་གྱིས་བསྐྱངས་པར་འདྲ་བ་ལ། ཐུབ་པས་དཀའ་བ་བརྒྱ་ཕྲག་གིས་དྲིན་གཟོ་ཇི་ཙམ་ཞིག་མཛད་འདུག རང་ནི་དེ་ཐམས་ཅད་ཡལ་བར་དོར་ནས་བསྡད་པའི་ལ་ཡོག་གིས་ད་ལྟ་ཐུབ་པ་སངས་རྒྱས་ལ། རང་ཅག་སྡུག་བསྔལ་གྱི་རྒྱ་མཚོར་ལུས་པ་འདི་བྱུང་བར་སྣང། ད་ནི་ཡ་རབས་ཀྱི་སྤྱོད་པས་ཁྲེལ་ངོ་ཚ་སྲུང་སྟེ་དྲིན་གཟོ་ཞིག་བྱེད་དགོས། དེའང་ཟག་བཅས་ཀྱི་བདེ་བ་ཕྲན་ཚེགས་རེ་ལ་སྦྱར་ཡང་སྐོམ་པ་ལ་ཚྭ་ཆུ་བླུད་པ་བཞིན་ཕན་ཆུང་ལ་གནོད་པའི་རྒྱུར་འགྲོ་ཉེན་ཆེ། མ་རྒན་འདིས་རང་གནོད་པ་ཀུན་དང་བྲལ་བ། བདེ་བ་ཀུན་དང་ལྡན་པ་ཞིག་བྱེད་འདོད་ནས་ཤེས་ཚོད་དང་ནུས་ཚོད་ཀྱིས་འབད་པ་ཡིན་མོད་ཀྱང། ཕུགས་ཀྱི་ཕན་གནོད་མོ་རང་གིས་མ་ཤེས་པར་སྣང། བདག་གིས་ཀུན་བྱང་གི་སྐྱོན་ཡོན་མཐོང་བ་ཡིན་པས་གནས་སྐབས་ཀྱི་བསླུ་བྲིད་བྱིས་པའི་མགོ་སྐོར་ལྟ་བུ་མ་ཡིན་པར་གཏན་དུ་ཕན་ཐོགས་ངེས་པའི་དྲིན་གཟོ་ཞིག་བྱེད་དགོས་སྙམ་དུ་བསམ་སྟེ། གཞན་དོན་དོན་དུ་གཉེར་བའི་གོལ་ས་འགོག་བྱེད་བཏང་སྙོམས་དང། སྐུལ་མ་འདེབས་བྱེད་ཡིད་འོང་གི་རྣམ་པར་སྒྲུབ་པ་གཉིས་ཀྱིས་གཞི་བརྟན་པར་བྱཞེས་པ་ལྟ་བུའི་མན་ངག་བྱིན་རླབས་ཅན་མང་དུ་བཞུགས་པ་རྣམས་ལ་ཐུན་རེ་ཙམ་མཇལ་ནས་དམ་པ་གོང་མ་རྣམས་ཀྱི་དྲིན་གཟོའི་སྐོར་ལ་ཐུགས་བསམ་བཞེས་ཚུལ་སོགས་བསམ་ན། ཕ་མ་གཅེས་ནས་དེའི་དྲིན་གཟོ་ནི་དམ་པའི་ངང་ཚུལ་རེད།

(2)ཕ་མའི་བསམ་པ་ནི་ཞི་བདེའི་རྩ་བ་ཡིན།

ཕ་མའི་བསམ་པ་ནི་གཞན་ཕན་ཁོ་ན་ཡིན། གཞན་ཕན་ནི་ཞི་བདེའི་རྩ་བ་ཡང་ཡིན་། མི་སུ་ཡིན་ཡང་ས་སྒང་གོ་ལ་ཧྲིལ་པོའི་སྟེང་གི་འགྲོ་བ་མིའི་རིགས་ལ་རང་ཉིད་ཀྱི་བུ་དང་འདྲ་བའི་དུངས་པ་ཡོད་ཚེ། ཞི་བདེ་བཅས་ནི་ངང་ངམ་ཤུགས་ཀྱིས་འབྱུང་སྲིད་དེ། རང་གི་བུ་ལ་སྡུག་བསྔལ་འདོད་མཁན་གྱི་ཕ་མ་འཇིག་རྟེན་ལས་བཙལ་ན་ཤིན་ཏུ་རྙེད་དཀའ་བ་ཡིན་ལ། རང་ཉིད་ཀྱི་བུ་ཕྲུག་ལ་བདེ་སྐྱིད་བྱུང་ན་མི་དགའ་བའི་ཕ་དེ་བས་དཀོན། འཛམ་བུ་གླིང་གི་མི་རིགས་དང་རྒྱལ་ཁབ་ཕན་ཚུན་བར་ལ་མ་བུའི་བརྩེ་བ་དེ་འདྲ་ཞིག་འབྱུང་ཐུབ་པ་ཡིན་ན། དམག་འཁྲུག་དང་བཙན་གནོན་གྱི་ཐ་སྙད་དག་ཀྱང་འཇིག་རྟེན་ནས་མིང་གི་ལྷག་མར་འགྱུར་ངེས། ཚོང་རྫས་རྫུན་མ་དང་། དུག་ཚོང་། ལྐོག་ཟ་རུལ་སུངས་ཀྱི་ལས་ཀ་སྐྱུགས་བྲོ་བ་ཐམས་ཅད་ནམ་མཁའི་སྤྲིན་དང་ཉི་གཞོན་མདུན་གྱི་མུན་པ་དང་འདྲ་བར་གར་སོང་ཆ་མེད་དུ་འགྱུར་ངེས།

ཕ་མའི་བཀའ་དྲིན་ཤེས་ཤིང་དྲིན་གཟོ་བ་ཉམས་ལེན་གྱི་རྩ་བའང་ཡིན། མར་ཤེས་དྲིན་དྲན་སོགས་རྒྱུ་འབྲས་མན་བདུན་གྱི་སྒོ་ནས་བློ་སྦྱོང་ནས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་རྣམས་རྗེ་བླ་མའི་བྱང་ཆུབ་ལམ་རིམ་ནང་དུ་གསུངས་ཡོད་པས་ཤེས་པ་བྱ། ནང་པའི་གཞུང་དུ་འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཡོངས་རྫོགས་བདེ་བ་ཐོབ་པ་དང་དེ་དག་གི་སྡུག་བསྔལ་སེལ་བའི་ཆེད་དུ་ཡིན་པས། བསྟན་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་མི་འཚེ་བའི་ལམ་གྱིས་མི་སུ་ལའང་གནོད་པ་བྱེད་རྒྱུ་ལས་ཟློག་ཏེ། དྲིན་ལན་འཁོར་མེད་ཀྱི་མ་རྣམས་དོན་དུ། །སེམས་བསྐྱེད་ཕྱིན་དྲུག་གི་སྤྱོད་ལ་སློབ་དགོས། །ཞེས་པ་ལྟ་བུ།

(3)ཕ་མའི་བརྩེ་བ་ནི་ཕ་མ་ལས་གཞན་ལ་སྐྱེ་སྲིད་དམ།

ཕ་མ་བུ་ཕྲུག་ལ་དུངས་པ་དེ་ནི་ཧོབ་སྟེ་བལྟས་ན་ལྷན་སྐྱེས་སམ་རང་བྱུང་ལྟ་བུར་གྲུབ་མོད། ནང་བསྟན་མཚན་ཉིད་རིག་པའི་ངོས་ནས་དཔྱད་ན། དེ་ཉིད་གྲུབ་མཐའ་གང་རུང་གིས་ལྷད་པའི་ཀུན་བཏགས་མིན་ལ། ཡང་ན་གཞུང་ནས་བཤད་པའི་ལྷན་སྐྱེས་ཡང་མིན། སྤྱིར་བཏང་བརྩེ་བ་འདི་ཇི་ལྟར་སྐྱེ་བ་དང་། དེ་ཉིད་མི་རང་ག་བ་ཞིག་གི་རྒྱུད་ལ་སྐྱེ་ཐུབ་མིན་བསམ་བློ་འཁོར་དུས། ཐོག་མར་བུ་ཕྲུག་ལ་བརྩེ་སེམས་ཇི་ལྟར་སྐྱེས་པ་ཡིན་སྙམ་ན། མ་གཞི་ཕ་མ་རང་རང་གི་སེམས་ལ་རག་ལས། དང་པོ་ཨ་མའི་མངལ་དུ་བྱིས་པ་ཆགས་དུས་སོ་སོའི་སེམས་ལ་ངའི་ཕྲུ་གུ་ཡིན་བསམ། ང་རང་གི་ཤ་ལས་གྲུབ་པ་ཡིན་པའི་མངོན་ཞེན་དྲག་པོས་གསོས་བཏབ་སོང་བའི་རྟོག་པ་མཁྲེགས་པོ་སྟེ། བདག་འཛིན་གྱིས་གཅེས་སྤྲས་ཆེས་ཆེར་བྱས་པར་བརྟེན། ད་གཟོད་ཕྲུ་གུ་ཕྱི་ལོགས་ལ་བཙས་པའི་བར་དང་བཙས་ནས་ནར་སོན་པའི་བརྒྱུད་རིམ་ཁྲོད་དུ་མའི་ནང་རང་ཕྱོགས་སུ་གཅོད་རྒྱུ་མང་དྲགས་པས་རེད།

གལ་ཏེ་འདི་འདྲ་བའི་ཀུན་སློང་ཞིག་ཁྱི་ཕྲུག་གམ་ཡང་ན་ལུ་གུ་ཞིག་གི་སྟེང་ནས་སྐྱེ་རུ་སོང་ན། དེས་ནི་ཕ་མའི་བརྩེ་བ་འདི་ཉིད་འགྲོ་བ་གཞན་དང་གཞན་ལའང་ཁ་སྤོ་ཐུབ་པའི་རྒྱུ་མཚན་ཡང་དག་ཅིག་སོང་བ་རེད། དུས་དེ་ནས་བཟུང་འཛམ་བུ་གླིང་གིས་མཚོན་པའི་གནམ་འོག་གི་སེམས་ཅན་ཡོངས་རྫོགས་ལ་བརྩེ་བ་འདི་འདྲ་ཞིག་སྟེར་ཐུབ་ངེས། དེ་ལྟར་སྐྱེར་འཇུག་གི་རྒྱུ་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སོགས་བསྟན་པའི་དགོས་པའང་ཡིན། འདི་ལ་བསམ་བློ་བཏང་དུས་སེམས་ཅན་ཐམས་ཅད་མར་སེམས་པའི་འདུ་ཤེས་དགོས་པར་བསྟན། འཛམ་གླིང་ཞི་བདེ་དང་འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་རྫོགས་ཕ་མ་བུ་ཕྲུག་འདྲ་བའི་བརྩེ་སེམས་དང་ཡིད་ཆེས་ཡོད་པའི་ངང་ནས་འཚོ་རྒྱུའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་རེད་མོད། འགའ་རེས་ནི་མར་མ་གྱུར་བའི་སེམས་ཅན་མེད་ན། དེ་བཞིན་དུ་དགྲར་མ་གྱུར་བའི་སེམས་ཅན་ཡང་མེད་པས། སེམས་ཅན་ཐམས་ཅད་དགྲ་ཡིན་པར་ཐལ་འགྲོ་ཞེས་རིགས་པ་མགོ་མཚུངས་བྱེད་པ། དོན་གྱི་གནད་ལ་བསམ་བློ་མ་བཏང་བ་དང་། དགོས་པ་དང་དགག་བྱ་གང་གཙོ་བའི་ཕྱོགས་ལ་ཡིད་ཙམ་ཡང་མ་ཕྱོགས་པར་ངེས། མར་མ་གྱུར་བའི་སེམས་ཅན་མེད་པར་རིགས་པ་བཏང་བ་ལས་སེམས་ཅན་ཐམས་ཅད་མ་ཡིན་དགོས་པའི་རྟགས་འགོད་མཁན་ལ། ཁྱོད་རང་གི་ཕ་རྒན་ངུ་མ་དགོད་དུ་ཡོད་པ་ཆོས་ཅན་ལ་ལེན་དགོས་འདུགསེམས་ཅན་ཐམས་ཅད་དགྲར་བསྒོམ་དགོས་སོ་ཞེ་ན་དེ་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་རེད་དེ། ཐ་ན་ཁོ་རང་ཉིད་ཀྱི་ཕ་མ་ཡང་དགྲ་རུ་བཟུང་མེད་དམ་སྙམ་པའི་རེ་དོགས་ཀྱི་འཆང་ལ་དཔྱང་ཡོང་། གོང་དུ་བཤད་པ་བཞིན་འདི་ནི་དགོས་པ་དང་དགག་བྱ་གཉིས་ལས་གང་ཞིག་གཙོ་ཆེ་མིན་ལ་ཁ་མིག་ཙམ་ཡང་མ་ཕྱོགས་པའི་སྐད་ཆ་རེད་འདུག

ཕ་མས་གང་ཟག་གཞན་དང་གཞན་དུ་བལྟས་ནས་དེར་རང་གི་བུ་ཕྲུག་དང་འདྲ་བའི་བློ་སྐྱེ་རྒྱུ་ཡོད། བདག་གཞན་གཉིས་ལ་གཅེས་སྤྲས་ཀྱི་གོ་ས་ཡང་བརྗེ་རྒྱུ་ཡོད་པར་བཤད་པ་སོགས་འགྲུབ་སྟེ། སྤྱོད་འཇུག་ལས།དེ་བས་ཇི་ལྟར་གཞན་དག་གི། ཁུ་བ་ཁྲག་གི་ཐིགས་པ་ལ། །ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལ་གོམས་པར་གྱིས། །ཞེས་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་གཞིར་བཟུང་པའི་སྟེང་ནས་བདག་གཞན་མཉམ་བརྗེ་ཡི་འདུ་ཤེས་བརྗེ་རྒྱུ་ཡོད་པར་བསྟན་ལ། དེ་ལྟར་ཡིན་པ་ཡང་རྗེ་ཉིད་ཀྱི་ལམ་རིམ་ཆེན་མོ་ལས། གལ་ཏེ་གཞན་གྱི་ལུས་བདག་གི་ལུས་མིན་པས་དེ་ལ་རང་གི་ལུས་འདྲ་བ་ཇི་ལྟར་བསྐྱེད་དུ་རུང་སྙམ་ན། ལུས་འདི་ཉིད་ཕ་མའི་ཁུ་ཁྲག་ལས་གྲུབ་པ་ཡིན་ཞིང་གཞན་གྱི་ལུས་ཀྱི་ཆ་ཤས་ལས་གྲུབ་པ་ཡིན་ཡང་སྔོན་གོམས་པའི་དབང་གིས་ངར་འཛིན་པ་སྐྱེ་བ་ལྟར། གཞན་ལུས་ལའང་རང་གི་ལུས་ཡིན་པ་བཞིན་གཅེས་པར་འཛིན་པ་གོམས་པར་བྱས་ན་སྐྱེ་སྟེ། ཞེས་གསུངས་པ་བཞིན། རང་གཞན་མཉམ་བརྗེ་ལ་འདི་འདྲའི་འགྱུར་བ་འབྱུང་སྲིད་ན། ཕ་མའི་སེམས་ཀྱི་བརྩེ་བ་དེར་སློབ་སྦྱོང་དང་ཆོས་ཉིད་ངོས་ཟིན་པ་བྱས་ནས་ཉམས་སུ་ལེན་ཐུབ་པ་དང་། ཉམས་སུ་བླངས་ནས་སེམས་ཅན་གཞན་ལ་བློ་ཁ་སྤོ་དགོས་མོད། དེ་ལྟར་མི་ནུས་པའི་རྒྱུ་མཚན་ཡང་བདག་གཞན་མཉམ་བརྗེ་མི་ནུས་པའི་རྒྱུ་རྐྱེན་ལྟར་བདག་འཛིན་དང་རང་གཅེས་འཛིན་ཐུག་འདུག་སྟེ། ཡང་ལམ་རིམ་ཆེན་མོ་ལས། གཞན་ལ་ངའོ་སྙམ་དུ་དང་དེའི་མིག་ལ་སོགས་པ་ལ་ངའི་འོ་སྙམ་པའི་བློ་སྦྱོང་བ་མིན་གྱི། རང་ལ་གཅེས་པར་འཛིན་པ་དང་གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་བརྗེས་ཏེ་གཞན་ལ་རང་ལྟར་གཅེས་པར་འཛིན་ཅིང་རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་བསྐྱེད་པའོ། །དེའི་ཕྱིར་བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བར་གསུངས་པའང་བདག་གཅེས་འཛིན་ལ་དགྲར་བལྟས་ནས་བདག་གི་བདེ་བ་ལ་ཆེས་ཆེར་བྱེད་པ་འགོག་ཅིང༌། གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་ནས་གཞན་གྱི་སྡུག་བསྔལ་ཡལ་བར་འདོར་བ་བཀག་ནས་དེ་སེལ་བ་ལ་ཆེས་ཆེར་བྱེད་པ་སྟེ། མདོར་ན་རང་གི་བདེ་བ་ལ་མི་བལྟ་བར་གཞན་གྱི་སྡུག་བསྔལ་བསལ་བའི་དོན་དུ་འཇུག་པའོ། །ཞེས་བདག་འཛིན་གྱི་དབང་གིས་བསྐྱེད་པ་ཡོངས་རྫོགས་ནི་འབྲས་བུ་སྡུག་བསྔལ་འབའ་ཞིག་གི་རྒྱུར་རྟོགས་ནས། རང་གི་ཕ་མ་ལ་དྲིན་གཟོ་དང་གཞན་ཕན་གྱི་ལས་ལ་འབད་རྒྱུ་གཙོ་བོ་བྱས། གང་ཟག་གཞན་ལ་ཕ་མའི་བརྩེ་བ་དང་འདྲ་བ་ཞིག་སྟོན་ཐུབ་ན་དེ་བས་རླབས་ཆེན་ཞིག་དང་ཁྱད་འཕགས་ཤིག་མི་འདུག་སྙམ་ཡོང་།

(4)དགྲ་གཉེན་འདུ་ཤེས་འགྱུར་སླ་ཡང་གཉེན་འཛིན་གཅེས་དགོས།

ཆོས་གང་ཞིག་ཡིན་ཡང་བདེན་པར་མ་གྲུབ་པ་དང་རྟོག་པས་ཕར་བཏགས་ཙམ་དུ་གྲུབ་པའི་རྒྱུ་མཚན་གྱིས་འགྱུར་ལྡོག་འབྱུང་སླ་བ། གལ་ཏེ་བདེན་གྲུབ་ཏུ་ཡོད་ན། དང་པོ་གཉེན་དང་གྲོགས་སུ་གྱུར་བའི་གང་ཟག་དེ་ལ་འགྱུར་བ་གཏན་ནས་ཡོང་མི་དགོས་མོད། དེ་ལྟར་མ་ཡིན་པར་གྲོགས་པོ་ཕན་ཚུན་བར་དང་། བཟའ་ཚང་ཕན་ཚུན་བར་འགལ་རྐྱེན་ཕྲན་བུ་རེ་བྱུང་དུས། ཕན་ཚུན་གཉིས་ཀར་སེམས་ཀྱི་འཛིན་སྟངས་རྦད་དེ་ལོག་འགྲོ་བཞིན་ཡོད། སྔར་ཕན་ཚུན་བརྩེ་བའི་ཡིད་དུང་དུང་པ་ཞིག་འདྲེས་ནས་མིག་གིས་གདོང་མཐོང་ན་གང་ཤར་ཡིད་དུ་འཐད་པ། རྣ་བས་སྐད་ཐོས་ན་གང་བཤད་བདེན་པར་སྣང་བ་ཞིག་ཡིན་ཡང་། མ་མཐུན་པའི་ཉིན་ཕ་རོལ་བའི་སྐད་དང་བྱད་བཞིན་གང་རུང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ན་སེམས་ལ་ཞེ་སྡང་ལ་སོགས་མི་འདོད་པའི་བློ་སྣ་མང་པོ་སྐྱེས་ཡོང་། ལུས་ཀྱི་སྡོད་སྟངས་དང་ངག་གི་སྨྲ་བརྗོད་གང་ཡིན་ཡང་སྔ་མ་ལས་ལྡོག་ནས་ཡོད་པར་ཤར་བ། ཕ་རོལ་པོའི་ལུས་ངག་གློ་བུར་དུ་མི་སྡུག་པ་དང་མི་སྙན་པར་འགྱུར་བ་མ་ཡིན་པ། ཡང་ན་ལྟ་མཁན་གྱི་འཛིན་སྟངས་ལོག་སོང་བ་ཡིན།

འགྱུར་ལྡོག་ཆེ་བའི་འདུ་ཤེས་ཀྱིས་ང་ཚོའི་སེམས་ལ་བདེ་སྡུག་གི་ཚོར་བ་མང་བོ་བསྐྱེད་ཡོང་གི་ཡོད། དགྲར་འཛིན་གྱི་བསམ་བློ་ཤུགས་ཆེ་རུ་སོང་དུས་སེམས་ལ་བདེ་ཉམས་དང་སྐྱིད་ཉམས་འཆར་རྒྱུ་འགག་ནས། ན་གོང་དུ་འཁྱིལ་བའི་རྫིང་བུ་དཀྲུགས་པ་བཞིན་ཉོག་ཉོག་པོར་གྱུར། རེ་དོགས་དང་འགྲན་སེམས། ཕྲག་དོགས་བཅས་སེམས་པ་ལྷོད་པོར་གནས་མི་ཐུབ་པའི་སེམས་དང་སེམས་བྱུང་གི་ཚོར་བར་འུར་ཟིང་བསླངས་ནས། སྙིང་གི་ན་ཚ་དང་ཀླད་རྩ་འགག་པའི་ནད་རིགས་འབྱུང་བ་དང་། ཡུལ་ལུང་བར་དང་ས་གནས་བར། རྒྱལ་ཁབ་ཕན་ཚུན་བར་ལ་རྡུལ་མཚོན་སོགས་ཀྱི་དཔུང་ཤུགས་ངོམས་རེས་བྱས་ཏེ་འཇིགས་ཡེར་ཡེར་བའི་ཚོར་སྣང་ཁྲོད་དུ་སྡོད་དགོས་བྱུང་བ། དགྲར་འཛིན་དང་རེ་དོགས་ཆེ་སོང་བ་ལ་འབྲེལ་ངེས་ཡིན།

དེ་ལས་ལྡོག་ནས་གཉེན་འཛིན་གྱི་བསམ་བློ་དང་ལྷག་ཏུ་ཕ་མའི་བརྩེ་སེམས་འདྲ་བའི་ལྷད་མེད་ཀྱི་བྱམས་བརྩེའི་འདུ་ཤེས་གསོ་སྐྱོང་བྱེད་ཐུབ་པ་བྱུང་ན། རང་ཉིད་འཇིག་རྟེན་འདིར་ཕ་མས་གཅེས་སྐྱོང་བྱས་པའི་དགོས་པ་ཡང་གྲུབ་ཡོད། མ་ཟད་མི་ཚེ་ཐུང་ཐུང་འདི་ཡང་དགོད་སྒྲ་དང་སྐྱིད་སྣང་གིས་སྐྱེལ་ཐུབ། ཁོར་ཡུག་ཅི་འདྲ་ཞིག་གི་གང་ཟག་ལའང་ཞི་བདེ་དང་ཡིད་ཆེས་ཀྱི་ཚོར་བ་བག་ལྷོད་གཅིག་ཡོང་སྲིད།

(5)ཕ་མ་ལན་གཅིག་མ་གཏོགས་མི་རྙེད།

འཇིག་རྟེན་ནས་ཆེས་དཀའ་བ་ནི་གདམ་གསེས་ཡིན། ནོར་འཁྲུལ་འབྱུང་བའི་ཉེན་ཁ་ཡང་གདམ་གསེས་རེད། མི་མང་པོ་ཞིག་ན་ཚོད་གཞོན་པའི་སྐབས་སུ་ཕ་མ་དང་ཅུང་རིང་དུ་གྱེས་ནས་མཛའ་གྲོགས་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་ལ། དེང་སང་ཕ་མ་དང་མཛའ་གྲོགས་གཉིས་ལས་མཛའ་གྲོགས་འདེམས་མཁན་མང་པོ་ཡོད་མོད། ཞིབ་ཏུ་བསམས་ན་གདམ་གསེས་ལ་ཐུག་དུས་གནས་སྐབས་ཀྱི་ཚོར་བ་དང་དགོས་མཁོ་གཙོ་བོར་བྱེད་པ་ནི་བསམ་བློའི་ཕུགས་རྒྱང་ཐུང་བའི་རྟགས་རེད། རྒྱུ་མཚན་མཛའ་གྲོགས་ནི་ཡང་དང་བསྐྱར་དུ་བསྒྲིག་ཆོག་ལ། ཕ་མ་ནི་ལན་གཅིག་མ་གཏོགས་རྙེད་རྒྱུ་མེད་པས་སོ། །

དེའི་ཕྱིར་ང་ཚོའི་བོད་ཀྱི་ཡུལ་ན་ནང་བསྟན་གྱི་སྙིང་པོ་མ་ཡལ་བའི་རྒྱུ་མཚན་གྱིས་ཕ་མ་ལ་གུས་བཀུར་བྱེད་པའི་ལུགས་སྲོལ་བཟང་པོ་ད་དུང་ཉམས་མེད། (1)ཕ་མ་རྒས་པོ་རྣམས་ལ་རྒྱུན་དུ་ཁ་འཇམ་ཚིག་འཇམ་ངང་ནས་བྱམས་སྐྱོང་བྱེད་རྒྱུ་དང་། 2ཁོ་ཚོ་གང་ལ་གནས་སྐོར་དུ་འགྲོ་འདོད་ཁག་ལ་གནས་སྐོར་དུ་འགྲོ་རྒྱུ།  3ཕ་མ་འདས་ཕྱིན་དགེ་རྩ་རྒྱ་ཆེན་བྱེད་མཁན། གནས་བབ་འདི་དག་ལ་བསམ་ན། ད་ལྟ་ན་ཚོད་བཞི་བཅུའི་བར་ན་ཡོད་པའི་བུ་ཕྲུག་རྣམས་ནི་ཕ་མར་བརྩེ་བ་དང་དྲིན་གཟོ་བའི་བསམ་པ་ཤུགས་ཆེན་ཡོད་། འོན་ཀྱང་དུས་རབས་ཀྱི་འགྱུར་བའི་དབང་གིས་ན་གཞོན་དང་། ན་ཆུང་དག་གི་བསམ་པ་ནི་དེ་ལས་ལྡོག་ཏེ། འགྱུར་བ་འགྲོ་བཞིན་རྒན་པ་མང་བའི་རྒྱལ་ཁབ་དག་གིས་ངེས་པར་དུ་ནང་པའི་བསྟན་པའི་གཞུང་ལས་གསུངས་པའི་ཕ་མའི་དྲིན་གཟོའི་སྐོར་གྱི་བསླབ་བྱ། སློབ་གསོ་སྒོ་སྣ་ཚོགས་ནས་སྤེལ་ན་ཡ་རབས་ཀྱི་སྲོལ་བཟང་པོ་རྒྱུན་སྐྱོང་བྱེད་ཐུབ་ངེས་རེད།

མཇུག་གི་གཏམ།

བསམ་བློ་འདི་ལྟར་བཏང་དུས། ཕ་མའི་བསམ་པ་ནི་གཞན་ཕན་སྙིང་པོ་ཅན་གྱི་བསམ་བློ་ཡིན་། བསམ་བློ་འདི་ཉིད་རྒྱ་ཆེ་རུ་བཏང་སྟེ་དར་སྤེལ་བྱས་ན་དེས་ནི་འཛམ་གླིང་ཞི་བདེ་དང་དེ་ལ་དྲིན་གཟོ་བྱས་ན་འཇིག་རྟེན་འཆམ་མཐུན་ལ་ལག་རྗེས་འབུལ་ཐུབ། སྟོན་པ་ཉིད་ནས་གསུངས་པའི་བཀའ་དང་བསྟན་བཅོས་མཐའ་དག་ཀྱང་མཐར་གཏུགས་གཞན་ཕན་སྲོག་ཏུ་བཟུང་བ་ཡིན། ནང་བསྟན་ནི་མིའི་རིགས་ལ་ཐབས་ལམ་གཞན་ཞིག་བསྟན་མ་མྱོང་བའི་ཞི་བདེ་དང་བག་ཕེབས་ཀྱི་འཚོ་བ་ཞིག་སློབ་སྟོན་གནང་ཡོད་པ་གསལ་། བདག་བློ་རྨོངས་པའི་དབང་གིས་མ་རྟོགས་ལོག་རྟོག་གི་དྲི་མ་ངན་པས་བགོས་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་གཟིགས་རྒྱ་ཡངས་ཤིང་མཁྱེན་རྒྱ་ཆེ་བའི་གཟུར་གནས་དམ་པ་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་ལ། ཅུང་ཟད་ལེགས་པའི་ཆ་ཅི་ཡོད་ཀྱི་དགེ་རྩ་ཐམས་ཅད་སངས་རྒྱས་བསྟན་པ་རིན་པོ་དར་ཤིང་རྒྱས་པ་དང་འཛམ་གླིང་ཞི་བདེ་ཡོང་བའི་རྒྱུ་རུ་བསྔོའོ། །