从大乘思想报众生恩谈及和谐

发布时间: 2018-03-23 10:31:00 来源: 格桑嘉措

【内容摘要】修行佛法必有所缘,而此无非是利乐轮回苦海中的有情·众生,若能安住于大乘波罗蜜多,并躬身实修之, 则能使众生引向短暂与究竟安乐。与此同理,依佛教教理安度人生,不仅能报答众生之恩,也能为自己找到免于堕邪的清净之道。

关键词:众生、六度、社会、和谐

ཆོས་བསྒྲུབ་པ་ལ་ངེས་པར་དུ་ཆོས་ཀྱི་སྒྲུབ་གཞི་ཞིག་ཡོད་དགོས་ལ། དེ་ནི་འཁོར་བར་འཁྱམས་པའི་སེམས་ཅན་འདི་དག་ལས་གུད་ན་མེད་ཅིང་། དེའང་ཐེག་པ་ཆེན་པོའི་གཞུང་ལས་བཤད་པའི་ཕར་ཕྱིན་གྱི་ཉམས་ལེན་དེ་རང་རྒྱུད་དང་འབྲེལ་ཞིང་ལག་ལེན་དུ་འདེབས་ཐུབ་པ་བྱུང་ན། འགྲོ་བ་སེམས་ཅན་འདི་དག་གི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་གནས་སུ་འཁྲིད་ནུས་ལ། དཔེར་ན། ནང་པ་སངས་རྒྱས་པའི་ཆོས་ནས་བཤད་པའི་དབྱར་གནས་ལྟ་བུ་ལ་མཚོན་ན་རྩྭ་གཅོད་མི་ཆོག་པ་དང་། ས་བརྐོ་མི་རུང་བ་སོགས་ཀྱིས་མཚོན་རང་བྱུང་ཁོར་ཡུག་དང་འབྲེལ་ཏེ་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་དང་། ཆུ་མགོར་ཟག་པ་འདོར་མི་ཆོག་པ་སོགས་ཀྱིས་མཚོན་མི་དང་སྲོག་ཆགས་གཞན་པའི་བར་གྱི་འཆམ་མཐུན་གཙོ་བོར་བཟུང་སྟེ་གནས་སྐབས་དང་མཐར་ཐུག་གི་བདེ་བའི་རྒྱུ་རྐྱེན་བསྟན་ཡོད་ལ། མ་ཟད་ཆོས་འདུལ་བ་ལས་རྩ་བ་བཞི་སྤོང་བའི་བཅས་པ་མཛད་པ་དེས། མི་དང་མིའི་བར་གྱི་འཆམ་མཐུན་དང་ཞི་བདེ་སོགས་འབྱུང་བའི་ཐབས་ལམ་བརྗོད་ཡོད། མདོར་ན། ནང་ཆོས་ཀྱི་དགོངས་དོན་གཞིར་བཟུང་ནས་མི་ཚེ་བསྐྱལ་ཐུབ་པ་བྱུང་ན་སེམས་ཅན་གྱི་དྲིན་ཡང་བཟོ་ནུས་ལ་གོལ་ས་མེད་པའི་རང་གི་ལམ་ཁ་གཙང་མ་དེའང་རྙེད་ཐུབ་ཅེས་བསྟན་ཡོད། གཤམ་ནས་རེ་རེ་བཞིན་གསལ་པོར་བཤད་པ་བྱ་སྟེ།

དང་བོ། སེམས་ཅན་ཐམས་ཅད་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་བསྟན་པ།

དམིགས་ཡུལ་མེད་ན་གཞན་ཕན་བསྒྲུབ་པའི་ཡུལ་མེད་པ་ཡིན་པས། དེས་ན་སེམས་ཅན་ཐམས་ཅད་རང་གི་ཆོས་རྣམ་དག་སྒྲུབ་པའི་མཐུན་རྐྱེན་ཡིན་པར་བསམ་པ་ནི།    དྲིན་གཟོ་བ་ནི་བཟང་ལན་ལྡོན་པ་ཡིན་ལ་དེ་ཡང་དམིགས་ཡུལ་ལམ་གཏད་སོ་གང་ཡང་མེད་པར་མི་ནུས་པས། ཐོག་མར་བྱས་པ་གཟོ་སའི་ཡུལ་དེ་ངོས་ཟིན་པར་བྱས་ནས་གཟོད་ལས་དོན་དེ་ལ་འཇུག་དགོས་པ་ཡིན། དེས་ན་ཉེ་ལམ་གོ་ལ་ཧྲིལ་བོ་ན་ཚ་ཚ་འུར་འུར་གྱིས་གླེང་བཞིན་པའི་ཞི་བདེ་དང་འདྲ་མཉམ་དྲང་བདེན་དང་ཐོབ་ཐང་སོགས་ཁ་བཤད་ཙམ་དུ་མ་སོང་པར་སུ་དང་གང་ཞིག་ལ་བརྟེན་ནས་རང་རེ་ཚོའི་ཚེ་སྲོག་ལ་དྲོད་ཁོལ་དང་འཚོ་བ་ལ་འོད་སྣང་འཕྲོ་ཐུབ་པ་དང་། ཡང་སུ་དང་གང་ཞིག་ལས་ཞི་བདེ་དང་འདྲ་མཉམ་སོགས་ཀྱི་ལམ་བུ་དེར་བསྐྱོད་ཐུབ་པ་ཡིན་སྙམ་ན། དེ་ལ་གཡོ་བ་བཅུད་ཀྱི་སེམས་ཅན་དང་བརྟན་པ་སྣོད་ཀྱི་འཇིག་རྟེན་གཉིས་ལས་མ་འདས་ལ་དེ་ཡང་སྐབས་སུ་བབས་པ་ནང་བཅུད་ཀྱི་འཇིག་རྟེན་ཏེ་འགྲོ་བ་སེམས་ཅན་ལ་བརྟེན་ནས་རང་རེ་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་དགོས་ལ་སྒྲུབ་ཀྱང་ཐུབ་ངེས་པ་ཡིན་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཟོད་པ་བསྟན་པ་སྟེ་ལེའུ་དྲུག་པ་ལས། དེ་ཕྱིར་སེམས་ཅན་ཞིང་དང་ནི། །རྒྱལ་བའི་ཞིང་ཞེས་ཐུབ་པས་གསུངས། །འདི་དག་མགུ་བྱ་མང་པོ་ཞིག། འདི་ལྟར་ཕུན་སུམ་ཕ་རོལ་ཕྱིན། །ཅེས་དང་། སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱ་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་སོགས་མང་དུ་གསུངས་ཤིང་དོན་ནི། མཐོ་སངས་རྒྱས་དང་དམའ་སེམས་ཅན་གཉིས་ཀའི་གང་ཡིན་ཀྱང་བསོད་ནམས་གསོག་པའི་ཞིང་དུ་མཚུངས་པར་བསྟན་ཅིང་རྒྱལ་བ་དང་སེམས་ཅན་གཉི་ཀ་ལ་གུས་པར་བྱ་རིགས་ཤིང་དད་ཅིང་གུས་པའི་རྒྱུ་དེ་ལས་འབྲས་བུ་འདོད་བྱ་མཐར་ཐུག་པ་སྟེ་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་པར་འགྱུར་བ་དང་། མདོར་ན་ཞིང་དེ་གཉིས་ལས་སངས་རྒྱས་ཀྱི་ཆོས་མ་ལུས་པ་འགྲུབ་པར་འདྲ་བ་སོགས་རྒྱུ་མཚན་དེ་དག་གིས་ན་ཅི་སྟེ་རྒྱལ་བ་ལ་གུས་པའི་དཔེ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་མིན་ནོ་ཞེས་འདོར་ལེན་བྱེད་པ་མི་འཐད་པར་བསྟན་པའོ། །དེ་ལྟར་ཚེ་འདི་ལྟ་ཅི་ཕྱི་མ་ཕན་ཆད་ཀྱི་བདེ་དགེ་ཕུན་སུམ་ཚོགས་པའང་སེམས་ཅན་རྣམས་ལ་བརྟེན་ཏེ་བསྒྲུབ་ནུས་པ་ཡིན་ནོ། །

གཉིས་པ། ཕར་ཕྱིན་གྱི་ཉམས་ལེན་དང་འབྲེལ་བའི་སྒོ་ནས་སེམས་ཅན་ཐམས་ཅད་སྤྱི་ཚོགས་སྟེང་བདེ་ཐབས་སུ་འཁྲིད་པ།

སེམས་ཅན་དེ་དག་ནི་ཤིན་ཏུ་ལས་ཀྱང་དྲིན་ཆེ་བ་ཡིན་པས་དེ་དག་རང་གི་གཉེན་དང་གྲོགས་སུ་བལྟས་ཏེ་ཕྱིན་དྲུག་གི་ཉམས་ལེན་དང་འབྲེལ་ནས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་གནས་སུ་འཁྲིད་དགོས་ལ། དེ་ཡང་སྦྱིན་པའི་ཕར་ཕྱིན་དང་འབྲེལ་ཏེ་གནས་ལུས་ལོངས་སྤྱོད་ཀྱི་སྒོ་ནས་མི་དང་མིའི་བར་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར་ལ་འཇིག་རྟེན་མི་ཆོས་ཀྱི་དབུལ་ཕྱུག་སྙོམ་པ་དང་། དམ་པ་ལྷ་ཆོས་ཀྱི་གཙོས་ཐུན་མོང་རིག་གནས་ཏེ་སྒྲ་སྙན་སྨན་རྩིས་སོགས་ཀྱིས་བདེ་བ་དང་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་འབྲེལ་ཏེ་བཅས་རང་གི་ཁ་ན་མ་ཐོ་བ་སྤོང་བའི་སྒོ་ནས་སེམས་ཅན་རྣམས་འཇིགས་པས་ཉེན་པ་དང་མྱ་ངན་གྱིས་གཟིར་ཞིང་ཡོ་བྱད་སོགས་ཀྱིས་ཕོངས་པ། ད་དུང་གནས་འཆའ་བར་འདོད་པ་དང་བློ་མཐུན་པར་འདོད་པ་རྣམས་ཀྱི་དོན་ཇི་ལྟར་རིགས་པར་སྒྲུབ་པ་དང་། བཟོད་པའི་ཕར་ཕྱིན་དང་འབྲེལ་ཏེ་སེམས་ཅན་གྱི་དོན་དུ་བཀྲེས་ལྟོགས་ཀྱིས་གཟིར་བ་སོགས་དཀའ་སྤྱད་སྣ་ཚོགས་དང་དུ་ལེན་བཟོད་ཅིང་སེམས་ཅན་གྱི་དོན་སྒྲུབ་པ་འམ་དགེ་བ་དེའི་རྒྱུན་མི་གཏོང་ཞིང་གནོད་བྱེད་ལ་ཅི་མི་སྙམ་དུ་སེམས་ཏེ་ཕ་རོལ་པོའི་དོན་སྒྲུབ་པ། བརྩོན་འགྲུས་ཀྱི་ཕར་ཕྱིན་དང་འབྲེལ་ཏེ་སེམས་ཅན་གྱི་དོན་སྒྲུབ་པ་དེ་བདག་ལྟ་བུས་མི་ནུས་སྙམ་པའི་བདག་ཉིད་བརྙས་པའི་ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་སེམས་ཅན་གྱི་དོན་བྱེད་པ་ལ་སྒྱིད་མི་ལུག་ཅིང་འཇུག་པ་སྤྲོ་བ་སོགས་ཀྱི་ལས་དོན་གང་ཡིན་ལ་བརྩོན་པ་རིང་དུ་བསྟེན་པ། བསམ་གཏན་གྱི་ཕར་ཕྱིན་དང་འབྲེལ་ཏེ་བསམ་གཏན་གྱི་ཆོས་བཞིའི་ཡ་གྱལ་རིགས་ཅན་གསུམ་སྨིན་པར་བྱེད་པ་སོགས་ཀྱི་ཉམས་ལེན་གྱི་སྒོ་ནས་གཞན་གྱི་དོན་བྱེད་པ་ལ་སེམས་མ་གཡེང་ཞིང་དྲི་མ་དང་མ་འདྲེས་པར་བྱེད་པ། ཤེས་རབ་ཀྱི་ཕར་ཕྱིན་དང་འབྲེལ་ཏེ་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གང་ཞིག་སྒྲུབ་ཀྱང་སློབ་སྦྱོང་ངམ་ཐོས་པའི་རྨང་གཞི་མེད་ཚེ་ཅི་ཡང་མི་འཁྱོང་བས་ཐོག་མར་ཐོས་པའི་ཤེས་རབ་བསྐྱེད། དོན་དང་བྱ་གཞག་ཅི་ཞིག་ལ་འཇུག་ཀྱང་དེ་དཔྱོད་ཤེས་ཀྱི་ཡོན་ཏན་དང་སྤོབས་སེམས་གྱིས་དབུལ་ན་གར་ཡང་མི་ཕྱིན་པས་བར་དུ་བསམ་པའི་ཤེས་རབ་བསྐྱེད། ཐོས་པ་དང་བསམ་པའི་སྦྱང་བརྩོན་སོགས་ཀྱི་གོ་རིམ་སྔོན་དུ་སོང་ཡང་དེ་ཙམ་གྱིས་དུས་གང་དུ་ཡང་མཐར་མི་ཕྱིན་པས་མཇུག་ཏུ་སྒོམ་པའི་ཤེས་རབ་བསྐྱེད་པ་སོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་ཐུབ་པ་ནི་རང་ལ་དྲིན་ཆེ་བའི་དམིགས་ཡུལ་སེམས་ཅན་དེ་དག་ཕར་ཕྱིན་གྱི་ཉམས་ལེན་དང་འབྲེལ་བའི་སྒོ་ནས་སྤྱི་ཚོགས་སྟེང་བདེ་ཐབས་ཀྱིས་འཁྲིད་པའི་འཇུག་སྒོ་བླ་ན་མེད་པ་ཞིག་ཏུ་འཁུམས་སོ། །མདོར་ན་སེམས་ཅན་ལ་དམིགས་ཏེ་སྤྱི་ཚོགས་བདེ་ཐབས་སུ་འཁྲིད་སྟངས་འདི་མགོ་མཇུག་བར་གསུམ་སོགས་གང་ཅིའི་ཐད་ནས་ལག་ལེན་མཐའ་འཁྱོལ་བ་བསྒྲུབ་ཐུབ་ཚེ་དེས་ནི་སྤྱི་ཚོགས་དང་སྤྱི་ཚོགས་མི་དང་མིའི་བར། ད་དུང་མི་དང་འགྲོ་བ་གཞན་ཐ་ན་མི་དང་རང་བྱུང་ཁམས་སོགས་ཀྱི་བར་ལ་འདྲ་མཉམ་དང་ཞི་བདེ། དྲང་བདེན་དང་ཐོབ་ཐང་སོགས་ངང་གིས་འབྱུང་བ་ནི་ཆོས་ཉིད་ཅིག་ཏུའང་སྨྲ་རིགས་པར་སེམས།

གསུམ་པ། ནང་པ་སངས་རྒྱས་པའི་དབྱར་གནས་དགོངས་དོན་གྱི་གལ་ཆེན་རང་བཞིན་བརྗོད་པ།

ནང་པ་སངས་རྒྱས་པའི་དབྱར་གནས་ཀྱི་དགོངས་དོན་དང་འབྲེལ་ཏེ་ཞི་བདེ་མཉམ་གནས་དང་ཁོར་ཡུག་སྲུང་སྐྱོབ། ཁྱིམ་གཞིས་འཛུགས་སྐྲུན། ཉམས་ཆུང་གི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་བཅས་ཀྱི་གལ་ཆེའི་རང་བཞིན་བརྗོད་པ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་དབྱར་དགག་གསོ་གསུམ་གྱི་ལས་ཡོད་མེད་ལ་རགས་ལས་ལ། དབྱར་དགག་གསོ་གསུམ་གང་ཡིན་ཀྱང་རྒྱལ་ཁམས་ཞི་བདེ་དང་སྤྱི་ཚོགས་ཆ་མཐུན་དང་མཉམ་གནས། ཉམས་ཆུང་གི་ཚེ་སྲོག་ལའང་གཅེས་སྐྱོང་བྱེད་དེ་གོ་ལ་ཧྲིལ་པོར་འཚེ་མེད་ཞི་བདེ་བསྐྲུན་པའི་ཁྱད་ཆོས་རང་བཞིན་ལྡན་ལ། དེའི་ནང་ནས་དབྱར་གནས་ལ་ཁྱད་ཆོས་དེ་དག་ལྡན་ཚུལ་བརྗོད་ན། དབྱར་གནས་ལ་གླེང་གཞི་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་སོང་ངོ་། །དེ་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་སོང་བ་དག་སྤྱོད་ལམ་མ་སྲུངས་པར་གྱུར་བ་དག་ལ། ཕྱི་རོལ་མུ་སྟེགས་ཅན་རྣམས་ཀྱིས་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པ་ཡིན་ཏེ། སྲོག་གཅོད་པ་ལས་མ་ལོག་རྣམ་པར་མ་ལོག་ཕྱིར་མ་ལོག་པ་འདི་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འགྲོ་བ་ན། སྲོག་ཆགས་ཕྲ་མོ་དང་ཤིན་ཏུ་ཕྲ་མོ་མང་པོའི་ཚོགས་རྣམས་བརྫིས་ནས་སྲོག་དང་བྲལ་བར་བྱེད་དོ། ། རེ་ཞིག་བྱེའུ་ཁུག་རྟ་ཡང་དབྱར་ཟླ་བཞི་རང་གི་ཚང་ན་ཞུམ་ཞུམ་པོར་བྱས། ཀུན་ཏུ་ཞུམ་ཞུམ་པོར་བྱས་ནས་བསྐུམ་ཞིང་བསྐུམས་ནས་འདུག་ན། དགེ་སྦྱོང་མགོ་རེག་འདི་དག་ནི་དབྱར་ཁས་ལེན་པ་ཙམ་ཡང་མི་ཤེས་ན། དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་། ཕྱག་བྱ་བར་སེམས་པ་སུ་ཞིག་ཡོད་ཅེས་སྨོད་པར་བྱེད་འཕྱ་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ལྟ་བུའི་རྗེས་སུ་གནང་སྟེ། དགེ་སློང་གིས་དབྱར་གནས་པར་དམ་བཅའ་བར་བྱའོ། །ཞེས་དབྱར་གནས་བྱ་དགོས་པའི་བཅས་པ་མཛད་དོ། །དབྱར་གནས་གྱི་དོན་ནི། དབྱར་གྱི་དུས་སུ་འགྲོ་འདུག་མང་པོ་བྱེད་པ་སྤངས་ཏེ། གཞི་གཅིག་ཏུ་གནས་པར་ཆོ་གའི་སྒོ་ནས་ཁས་བླངས་པར་བྱས་པ་ལ་དབྱར་གནས་ཞེས་བྱའོ། །དབྱར་གནས་བྱས་པའི་དགོས་པ་ནི། བཅོམ་ལྡན་འདས་ཀྱིས་དབྱར་ཟླ་བ་གསུམ་དུ་གནས་པར་བྱའོ། །ཞེས་བཅའ་བར་མཛད་པའི་བཅས་ཁྲིམས་དེ་སྲུང་ཞིང་། རབ་བྱུང་བ་ཞིག་ཡིན་ཕྱིན་རང་གཞན་གང་ལའང་མི་གནོད་པར་ཞི་བདེ་བག་ཡོད་ལ་གནས་དགོས་པ་དང་། དབྱར་གནས་མ་བྱས་པའི་ཉེས་པ་ཁེགས་པ་དང་། དབྱར་ས་གཞི་ལ་སྲོག་ཆགས་ཕྲ་མོ་མང་དུ་རྒྱུ་བའི་དུས་སུ་འགྲོ་འདུག་མང་པོ་བྱས་ན་སྲོག་ཆགས་ལ་གནོད་པས། སྲོག་ཆགས་ལ་གནོད་པ་སྤོང་བ་དང་། དབྱར་ཆར་ཆུ་རྒྱས་པའི་དུས་སུ་འགྲོ་འདུག་མང་ན་རང་གི་ལུས་སྲོག་ལ་གནོད་པ་སྤོང་བ་དང་། དོན་དང་བྱ་བ་མང་པོ་སྤངས་ནས་དོན་ཉུང་ཞིང་བྱ་བ་ཉུང་ངུས་གནས་པར་བྱ་བ་དང་། དེ་ལ་བརྟེན་ནས་སྤོང་བ་བསམ་གཏན་དང་ཀློག་པ་ཐོས་བསམ་འཕེལ་བར་བྱ་བ་དང་། དབྱར་གྱི་དུས་སུ་གནས་ཁང་དོར་ཏེ་ཐག་རིང་པོར་ཕྱིན་ན་གནས་ཁང་རལ་བ་དང་གྲུམ་པ་བཅོས་པ་སོགས་ཀྱི་སྒོ་ནས་ཆུད་མི་ཟ་བའི་ཆེད་དང་། དབྱར་གནས་བརྟེན་ནས་དགག་དབྱེ་དང་སྲ་བརྐྱང་འབྱུང་བ་སོགས་དགོས་པ་མང་དུ་ཡོད་དོ། །མདོར་ན་སྲོག་ཆགས་ཆེ་ཆུང་གང་གིའང་ཚེ་སྲོག་ལ་གནོད་པ་སྤོང་བ་དང་། རྩྭ་སྔོན་པོ་དང་རྩི་ཤིང་མི་གཅོད་པ་ལ་སོགས་བྱས་པས་ཁོར་ཡུག་སྲུང་སྐྱོབ་ལེགས་པར་བྱེད་པ་དང་། གཞན་མ་དད་པ་དང་གཞན་གྱིས་འཕྱ་བ་སྤོང་དགོས་པས་ན། དེང་སང་རབ་བྱུང་བ་དག་ཡུལ་ཆ་རྒྱུས་ཡོད་མེད་ཀུན་དང་གྲོང་ཁྱེར་ཆ་རྒྱུས་ཡོད་མེད་ཀུན་ལ་སོང་ནས་ཁྱིམ་པ་སུན་འབྱིན་བྱེད་པ་སྤོང་དགོས་པ་འདི་དག་གིས་བསྟན་ཡོད་དོ། །ཆར་ཆུ་རྒྱས་པའི་དུས་སུ་འགྲོ་འདུག་མ་མང་གསུངས་པས་བྱ་ཉུང་དོན་ཉུང་དང་དུས་རྒྱུན་དུ་གཉོམ་ཆུང་ཚུལ་མཐུན་བྱས་ནས་རང་གཞན་ཀུན་ལ་ཕན་བདེ་སྒྲུབ་དགོས་པ་དང་། གནས་ཁང་སོགས་ཆུད་ཟོས་སུ་མི་འགྲོ་བར་བྱ་དགོས་པས་ན་རང་གི་གནས་ཁང་དང་ཁྱིམ་གཞིས་འཛུགས་སྐྲུན་ཚད་དང་ལྡན་པར་བྱ་དགོས་པར་བསྟན་ཏོ། །དབྱར་ཁས་ལེན་པ་པོ་ནི་དགེ་སློང་དུ་མ་ཟད་དགེ་ཚུལ་རྣམས་ཀྱིས་ཀྱང་ཁས་ལེན་དགོས་པར་ལུང་ལས་གསུངས་སོ། །ཡུན་ཇི་སྲིད་དུ་ཁས་ལེན་པ་ནི། དབྱར་ཟླ་བ་གསུམ་དུ་གནས་པར་ཁས་ལེན་དགོས་ཏེ། དེ་ལྟ་མིན་པར་ཟླ་བ་གཅིག་དང་། ཕྱེད་དང་གཉིས་དང་། ཟླ་བ་གཉིས་རྣམས་སུ་ཁས་བླང་མི་རུང་ཞིང་། དེ་ལྟར་ཁས་བླངས་ན་དབྱར་གནས་མི་འཆགས་པར་གསུངས་སོ། །དུས་ནམ་ཚེ་ཁས་ལེན་པ་ནི། མར་ངོ་སྔོན་འགྲོའི་དབང་དུ་བྱས་ན་ཆུ་སྟོད་ཟླ་བའི་ཡར་ངོའི་བཅོ་ལྔ་ལ་གསོ་སྦྱོང་བྱས་པའི་རྗེས་སུ་ཚུལ་ཤིང་བླངས། དེའི་སང་ཉིན་གྲོ་ཞུན་ཟླ་བའི་མར་ངོའི་ཚེས་གཅིག་གི་སྔ་དྲོ་དབྱར་སྔ་མ་ཁས་ལེན། གྲོ་ཞུན་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་བྱས་པའི་རྗེས་སུ་ཚུལ་ཤིང་བླངས་ནས། དེའི་སང་ཉིན་ཁྲུམས་སྟོད་ཟླ་བའི་མར་ངོའི་ཚེས་གཅིག་གི་སྔ་དྲོ་དབྱར་ཕྱི་མ་ཁས་ལེན་པ་ཡིན་ནོ། །ཧོར་ཟླ་དང་བསྟུན་ན་ཧོར་ཟླ་དྲུག་པའི་ཡར་ངོའི་ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་བྱས་པའི་རྗེས་སུ་ཚུལ་ཤིང་བླངས་ནས། དེའི་སང་ཉིན་ཚེས་བཅུ་དྲུག་གི་སྔ་དྲོ་དབྱར་སྔ་མ་ཁས་ལེན། ཧོར་ཟླ་བདུན་པའི་ཡར་ངོའི་ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་བྱས་པའི་རྗེས་སུ་ཚུལ་ཤིང་བླངས་ནས། དེའི་སང་ཉིན་ཚེས་བཅུ་དྲུག་གི་སྔ་དྲོ་དབྱར་ཕྱི་མ་ཁས་ལེན་པ་ཡིན་ནོ། །གང་དུ་ཁས་ལེན་པའི་གནས་ནི། ཟས་གོས་སོགས་མཐུན་རྐྱེན་ཚང་ཞིང་། ཆོམ་རྐུན་གྱི་འཇིགས་པ་སོགས་ལུས་སྲོག་གི་བར་ཆད། འཐབ་ཀྲོལ་ཅན་གནས་པ་སོགས་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བའི་རྐྱེན་ཉེ་བར་མི་གནས་པ། ཁང་པ་སྟེང་གཡོགས་ཤིང་སྒོ་གླེགས་དང་བཅས་པ། གནས་དེ་ན་འདུལ་བ་ལ་མཁས་ཤིང་སོ་སོར་ཐར་པའི་མདོ་ངག་ནས་ཐོན་པ་སོགས་གནས་ཀྱི་བླ་མར་རུང་བའི་དགེ་སློང་གནས་པ། སྐྱེ་བོ་མང་པོའི་རྒྱུན་ལམ་དང་འདུས་པའི་གནས་མིན་པ། མཚམས་ནང་གཞན་མིན་པ་ཞིག་དགོས་སོ། །དབྱར་ཁས་ལེན་པའི་སྦྱོར་བ་ཇི་ལྟར་བྱ་བ་ནི། གཙུག་ལག་ཁང་ལ་གད་བདར་དང་གཙང་སྦྲ་བྱ་བ། སྐུ་གསུང་ཐུགས་ཀྱི་རྟེན་དཀྲམ་པ་དང་། མཆོད་པ་བཤམ་པ་སོགས་དགོས་པ་དང་། དགོན་པ་ཡིན་ན་གླིང་བར་ལ་གཙང་དག་བྱེད་ཅིང་ལྡུམ་བསང་བྱེད་དེ། བླ་བྲང་བཀྲ་ཤིས་འཁྱིལ་ལ་ཀུན་མཁྱེན་ཡབ་སྲས་ཀྱིས་ཐུགས་བཀོད་ལྟར་དུས་རྒྱུན་དགོན་པའི་གླིང་དང་གླིང་བར་ལ་གཙང་གྲ་དང་ཁོར་ཡུག་གཙང་དག་བྱེད་དགོས་པ་དང་། ཧོར་ཟླ་དྲུག་པའི་ཚེས་བཅུ་གསུམ་བཅུ་བཞི་སོགས་ལ་ལྡུམ་བསང་གི་ཉིན་ཞེས་གྲྭ་རྒན་གཞོན་ཚང་མས་རང་རང་གི་གནས་ཁང་གི་སྟེང་གཡོགས་དང་སྲང་བར་སོགས་ལ་གཙང་གྲ་བྱེད་དོ། །

དགོན་པའི་ཁོར་ཡུག་ལ་སྲུང་སྐྱོབ་དང་གླིང་གཙང་སྦྲ་བྱེད་པ་ནི་ཆོས་འདུལ་བའི་ལག་ལེན་དང་ཤིན་ཏུ་མཐུན་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དུས་རབས་དང་མཐུན་པའི་བླང་བྱ་དང་ཡང་མཐུན་ནོ། །དབྱར་ཁས་ལེན་པའི་དངོས་གཞིའི་ཆོ་ག་ནི་གཞན་ལས་ཤེས་སོ། །དབྱར་ཁས་བླངས་པ་རྣམས་ཀྱིས་དམ་ཚིག་བསྲུང་ཚུལ་ནི། དབྱར་གནས་པར་ཇི་ལྟར་ཁས་བླངས་པ་ལྟར་ཆུ་མགོར་ཟག་པ་མི་འདོར་བ་དང་། མཁོ་ཞིང་སྤྱད་པར་བྱ་བའི་དངོས་པོ་མྱུར་དུ་བསྐྱལ་བར་བྱ་བ་དང་། དགེ་བའི་ལས་ལ་བརྩོན་པར་བྱ་བ་དང་། ཉེ་འཁོར་གཙང་སྦྲ་བྱེད་པ་དང་། ཞིང་རྐེད་པ་མི་གཅོད་པ་དང་། སེར་བ་བྱུང་ན་བཟློག་པར་བྱ་བ་སོགས་དམ་བཅའ་མཐར་ཕྱིན་པར་བྱེད་པ་དང་། དབྱར་ནང་དུ་འཁྲུག་ལོང་དང་འཁོན་འཛིང་མི་བྱེད་པ། ལྟུང་བ་གླེང་དྲན་དང་། ནན་ཏུར་སོགས་དབྱར་རལ་བའི་རྒྱུ་རྣམས་སྤོང་བ་དང་། བཀྲ་ཤིས་འཁྱིལ་ནས་དབྱར་གྱི་ནང་དུ་བླ་མ་ལས་སྣ་སོགས་ཀྱིས་ཆད་ལས་མི་བྱེད་པ་དང་ཚོགས་གཏམ་ཡང་མི་བྱེད་དོ། །གནས་ཁང་ཆུད་ཟོས་སུ་འགྲོ་བར་མི་བྱེད་ཅིང་། གནས་རལ་བ་དང་གྲུམ་པ་སོགས་བྱུང་ན་སྦྱིན་བདག་ལ་འཆོས་སུ་གཞུག་པ་དང་། ཡུལ་དུས་དང་བསྟུན་པའི་དགེ་འདུན་གྱི་ནང་ཁྲིམས་དམིགས་བསལ་ཡོད་པ་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། དབྱར་རལ་བ་སྤོང་བ་རྣམས་སུ་ཡོད་དོ། །མདོར་ན་རབ་དུ་བྱུང་བ་ཞིག་ཡིན་ཕྱིན་དབྱར་གནས་ལ་བཞུགས་ཏེ་དབྱར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་ན། རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་ཁྱད་ཆོས་ལྡན་པའི་ཕུགས་བསམ་མངོན་དུ་བྱེད་པའི་ལང་ཕྱོགས་དང་མཐུན་པ་དང་། ཕ་མ་དང་སེམས་ཅན་གྱི་དྲིན་གཟོ་བ་འདི་ལས་ལྷག་པ་ཞིག་མེད་དོ། །

བཞི་པ། རྩ་བཞི་སྤངས་པའི་ཕན་ནུས་བསྟན་པ།

འདུལ་ཁྲིམས་ཀྱི་རྩ་བ་བཞི་སྤོང་བ་ནི་རྒྱལ་ཁབ་ཞི་བདེ་དང་ལྷིང་འཇགས། ཡར་རྒྱས་གོང་འཕེལ་བཅས་ཀྱི་མཐུན་རྐྱེན་ཡིན་ཚུལ་ནི།  ཆོས་འདུལ་བའི་གཞུང་ནས་གཏན་ལ་ཕབས་པ་བཞིན་རྩ་བ་བཞི་སྤོང་བ་ནི་འགྲོ་བ་སེམས་ཅན་ལ་གནོད་པའི་ལས་རང་ཁེགས་སུ་འགྲོ་བའི་ཐབས་བླ་ན་མེད་པ་ཞིག་ཡིན་ཏེ། སྲོག་གཅོད་པ་སྤངས་པས་སྲོག་ལྡན་གཞན་གྱི་ཚེ་སྲོག་ལ་འཚེ་བའི་རྒྱུ་འགོག་ཅིང་། མ་བྱིན་ལེན་སྤངས་པས་རང་ལ་མི་དབང་བའི་གཞན་གྱི་རྒྱུ་ནོར་ལ་གནོད་པའི་ལས་འགོག   རྫུན་སྨྲ་བ་སྤངས་པས་གཞན་བསླུ་བའི་ལམ་ཁ་རང་ཁེགས་སུ་འགྲོ་བ་སོགས་ཀྱི་དགེ་མཚན་ཤིན་ཏུ་ཆེ་ལ། མི་ཚངས་སྤྱོད་སྤངས་པས་ནི་མི་ཚེ་ཆོས་ལ་བཅོལ་བ་དག་ལ་འཇིག་རྟེན་གྱི་བྱ་བ་ཕལ་པར་ཆགས་པའི་རྣམ་གཡེང་གི་སྒོ་སྣ་ཚོགས་ཕྱོགས་དུ་མ་ནས་རང་ཁེགས་སུ་བཏང་སྟེ་མི་ཁོམ་པ་དགུ་བ་མེད་པར་ཆོས་ལ་གཞོལ་བའི་ཁོམ་ལོང་གི་དུས་ཚོད་མང་པོ་ཞིག་བྱིན་ཡོད། དེས་ན། རྩ་བཞི་སྤངས་པས་རང་གཞན་ལ་འཚེ་བའི་རིགས་སྣ་ཚོགས་སྒོ་དུ་མ་ནས་འགོག་ཅིང་གཅོད་པར་བྱེད་དེ། ལུས་ངག་གི་རིག་བྱེད་འདི་དག་སྤངས་ཤིང་མེད་པར་བཟོས་པས་ལུས་ཅན་འགྲོ་བ་ཡོངས་ཀྱི་བདེ་སྐྱིད་ལ་གནོད་པའི་རྒྱུ་དང་རྐྱེན་དག་རང་སར་ཞི་འགྲོ་ལ། དེ་བས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཛམ་གླིང་གི་ཞི་བདེ་ཡང་རྩ་བཞི་སྤོང་བའི་རྒྱུ་འདིའི་སྟེང་ནས་ཡོང་ཐུབ་པ་ཞིག་ཡིན་ནོ། །དེའང་ཡིན་ཏེ། ལུས་ཀྱི་སྒོ་ནས་གཞན་གྱི་སྲོག་དང་ནོར་ལ་གནོད་པ་མ་བྱས་ཤིང་། ངག་གི་ལམ་ནས་གཞན་ལ་མགོ་སྐོར་མགོ་གཡོག་གི་ལས་མ་བགྱིས་ན་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བ་ཡང་ལས་དཀའ་མོ་ཞིག་མིན་ལ། འཛམ་གླིང་གི་ཞི་བདེ་ཟེར་བ་ཡང་ཐག་རིང་ཞིག་ཀྱང་མིན། གལ་ཏེ། མི་རིགས་དང་རྒྱལ་ཁབ་གང་ཡིན་ཀྱང་བདེ་འཇགས་ཞི་བདེ་ཡོད་ན། དེ་ནི་ཡར་རྒྱས་ཀྱི་རྩ་བ་དང་རྨང་གཞི་བརྟན་པོ་ཡིན། སྔོན་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ལ་བལྟས་ཀྱང་འགལ་འདུ་དང་འཁྲུག་པ་ཅི་ཙམ་མང་བ་དེའི་ཚོད་ཀྱིས་དཔལ་འབྱོར་གྱི་གྱོང་གུད་དང་། ཚེ་སྲོག་གི་འགལ་རྐྱེན། བདེ་སྐྱིད་ཀྱི་དགྲ་བོ་མང་ལ། གང་ན་ཞི་བདེ་དང་བདེ་འཇགས་ཀྱི་རྨང་མཐུག་ན་དེ་རུ་བདེ་སྐྱིད་ཀྱི་འཚོ་བ་ཡོད་ལ་ཡར་རྒྱས་ཀྱི་འཕེལ་ཁ་མྱུར་བ་སུས་ཀྱང་ཤེས་ཐུབ། དེས་ན་དེ་འདྲའི་ཞི་བདེ་དང་བདེ་འཇགས་ཡང་རྒྱུ་མེད་རྐྱེན་མེད་ལས་རང་གར་ཡོང་ཐུབ་པ་ཞིག་མིན་པས་དེའི་རྒྱུ་རྐྱེན་ལ་མནོ་བསམ་གཏོང་དགོས་ལ། གོང་ནས་རགས་ཙམ་གླེང་བ་བཞིན་རྩ་བཞི་སྤངས་པའི་དགེ་མཚན་གྱི་ངོས་བལྟས་ན་དེ་དག་གི་མཐུན་པའི་རྐྱེན་གང་ནས་བཙལ་དགོས་པ་ལ་གཞི་ནས་ངེས་ཤེས་རྙེད་ཡོང་།

ལྔ་པ། གཡེང་བའི་རྒྱུ་འགའ་ཞིག་གི་གནོད་ཚབས་བསྟན་པ།

དེ་ཡང་ཆང་འཐུང་བ། དྲ་བ་རྒྱན་འཛུགས་སོགས་བག་མེད་ཀྱི་འཚོ་བ་ལ་ནམ་ཉིན་མེད་པར་འཁོར་བ་སྤྱི་ཚོགས་ཀྱི་འགོག་རྐྱེན་ཡིན་པར་བཤད་པ་ནི། ནམ་རྒྱུན་དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱ་དགོས་ཞེས་ནང་པ་སངས་རྒྱས་པའི་གཞུང་ཆེན་དག་ལས་ཡང་ཡང་བྱུང་བའི་གནད་སྙིང་གོ་སླ་མོས་བཤད་ན། བག་མེད་ཀྱི་བྱ་བའི་ཡོ་ལང་གིས་མི་ཚེ་ཆུད་ཟོས་སུ་མ་གཏོང་ཞེས་འབོད་སྐུལ་བཏང་བ་ཡིན་ལ། འདི་འདྲའི་གདམས་པ་ནི་གནའ་དེང་ལ་དབྱེ་བ་མེད་ཅིང་སྐྱ་སེར་གྱི་བར་ཁྱད་མེད་པར་མི་རེ་རེའི་འཚོ་བའི་ཁྲོད་དུ་གལ་འགངས་བླ་ལྷག་ཏུ་ཆེ་བའི་ལེགས་བཤད་གསེར་འདྲ་བ་ཞིག་ཡིན་པ་ཅི་ལ་བཤད་དགོས། ལྷག་པར་དེང་གི་ཆ་ལ་སྒོ་གསུམ་བག་མེད་དུ་གཡེང་བའི་སྒོ་སྣ་ཚོགས་ནས་རྒན་གཞོན་རིས་སུ་མ་ཆད་པར་དབང་བསྒྱུར་བྱས་པ་ཛ་དྲག་ཡིན་པས། སེམས་ཅན་སྤྱི་ལ་ཕན་པའི་ལས་སྒྲུབ་རྒྱུ་ཕར་ཞོག་རང་གི་ཕ་མ་གཉེན་ཉེ་དུ་རྣམས་ལའང་ཕན་ངེས་ཀྱི་བྱ་བ་ཅི་ཡང་མི་སྒྲུབ་པར་རྒྱུ་ཚེགས་སེམས་ཚེགས་མང་པོའི་འཐབ་རྩོད་ཀྱིས་སྨྱོ་ལ་ཁད་དུ་བཅུག་པ་མང་ལ། ཐ་ན་རང་གི་མི་ཚེའི་མདུན་ལམ་ཡང་མེད་པར་བཟོ་བའི་མི་འབོར་ཧ་ཅང་རྔམ་མཐུག་པོ་ཡིན། དེའང་མི་ཚེ་ཆུད་ཟོས་སུ་གཏོང་བྱེད་གཙོ་ཤོས་ནི་ཆང་སོགས་སེམས་ཁམས་རྒྱུན་ལྡན་མ་ཡིན་པར་བསྒྱུར་བྱེད་དག་ཡིན་ཏེ། དཔེར་ན། ཆང་ཟླ་ནས་ལོ་མཐུད་དེ་བག་མེད་དུ་རོལ་བའི་དབང་གིས་རང་གི་བདེ་ཐང་དང་གཞན་གྱི་ཚེ་སྲོག་ལ་གནོད་པའི་ལས་མང་པོ་བགྱི་སྲིད་ལ། རང་གི་བྱ་བ་འཐུས་ཤོར་དུ་འགྲོ་བ་དང་རང་གི་ཚེ་སྲོག་བརླག་པ། ཁྲིམས་འོག་ནས་མི་ཚེ་སྐྱེལ་དགོས་པ་སོགས་ཡ་ང་བའི་སྣང་ཚུལ་སྤྱི་ཚོགས་ཀྱི་ཟ་ཟུར་དུ་མ་ནས་བྱུང་གིན་འདུག  དེ་བས། ཉེས་པ་འདི་དག་ལ་གཟིགས་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་། ཆང་ཀུ་ཤུའི་རྩེ་མོ་ཙམ་འཐུང་བ་ལའང་ཁྱོད་ང་ཡི་ཉན་ཐོས་མིན་ང་ཁྱོད་ཀྱི་སྟོན་པ་མིན་ཞེས་གསུང་གིས་གདམས་པ་རེད། དེ་བཞིན་དུ་དྲ་ཁང་ཟེར་བའི་བྱིས་པ་བསླུ་བྱེད་ཀྱི་སྡོམ་དྲ་དེས་ཀྱང་གསེར་ལྟ་བུའི་བྱིས་དུས་ཀྱི་དུས་ཚོད་ཆུད་ཟོས་སུ་གཏོང་བ་དང་། སློབ་བྱོལ་གྱི་ལས་སུ་འཇུག་པ། ཁྱིམ་ནས་རི་ཡན་དུ་གཏོང་བ་སོགས་བྱིས་པ་རྣམས་ཀྱི་ལོ་ཟླ་དང་མདུན་ལམ་སོགས་མེད་བརླག་ཏུ་གཏོང་དང་གཏོང་བཞིན་འདུག་པས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་དྲ་ཞུགས་ཀྱི་ཉིན་མཚན་འདའ་བའི་སྣང་ཚུལ་འདི་ལ་ཅི་ཐུབ་ཀྱིས་རྒོལ་བ་བྱེད་རིགས་ལ། མ་ཟད་དར་མ་དང་དར་ཡོལ་ཐ་ན་རྒས་པོ་དག་ཀྱང་རྒྱན་འཛུགས་ཀྱི་ལས་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་ངོ་བོ་དབྱེར་མེད་དུ་འདྲེས་པའི་སྣང་ཚུལ་ཧ་ཅང་ཛ་དྲག་ཏུ་བསླེབས་ཡོད་ལ། དེའི་རྐྱེན་པས་ཁྱིམ་ཚང་མུག་འཐོར་དུ་འགྲོ་བ་དང་། ཕ་མ་ཁ་བྲལ་དུ་སོང་སྟེ་བྱིས་པ་དག་དྭ་ཕྲུག་ཏུ་གྱུར་དང་འགྱུར་བཞིན་ཡོད་པར་མ་ཟད། རང་གི་རུ་སྡེ་དང་གཉེན་ཉེ་དག་ལའང་སློང་མོ་བྱས་ཏེ་དོམ་འཇལ་རོགས་བྱེད་དུ་འཇུག་པ་ད་ལྟའི་སྤྱི་ཚོགས་ཁྲོད་ན་མིག་མཐོང་ལག་ཟིན་གྱི་སྤྱོད་ངན་ཧ་ཅང་མང་། དེས་ན། ཆང་འཐུང་བ་དང་རྒྱན་འཛུགས་པ་སོགས་ཀྱིས་མཚོན་པའི་བག་མེད་ཀྱི་སྤྱོད་པ་སྣ་ཚོགས་པའི་དབང་གིས་རང་གི་མི་ཚེ་ཆུད་ཟོས་དང་། སྤྱི་ཚོགས་དང་མི་རིགས་ཡར་རྒྱས་ཀྱི་བཀག་རྡོ་བརྩིགས་པ་ཚབས་ཆེ་བས། འདི་དག་གི་ཉེས་དམིགས་ནི་རབ་བྱུང་པ་ཞིག་གི་ངོས་ནས་བཤད་པ་ཙམ་མིན་པར་འཇིག་རྟེན་མི་ཆོས་ཀྱི་ངོས་ནས་བཤད་ནའང་བྱ་ངན་སྤྱོད་ངན་གྱི་ལས་ངན་པ་ཞིག་ཏུ་ངོས་འཛིན་དགོས་པས། སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྡོ་དང་མི་རིགས་ཡར་རྒྱས་ཀྱི་འགལ་རྐྱེན་དུ་ངོས་ཟིན་པའི་སྟེང་ནས་བག་མེད་ཀྱི་སྤྱོད་པ་མཐའ་དག་ཅི་ནུས་ཀྱིས་འགོག་པའི་ཐབས་ལ་འབད་པར་རིགས་སོ།