浅析以护教方式为国报恩

发布时间: 2018-03-29 09:29:00 来源: 清热索朗才旦

【内容摘要】国家的安全与发展是任何民族稳定和发展的基石。国家作为集体社会,每个公民应当认识其发展所带来的恩惠。本文中以教证、理证和比喻相结合来证作为佛教徒,正确弘扬佛法关乎利乐有情众生,也是一种为国报恩,为社会做贡献的方式。

关键词:宗教 宗教信仰自由 守法 报恩

གླེང་གཞི།

དྲིན་ཤེས་པ་དང་དྲིན་གཟོ་བ་ནི་མི་ཡི་མཆོག་ཏུ་གྱུར་བ་དང་ཀུན་སྤྱོད་རྨད་དུ་བྱུང་བ་ཞིག་ཡིན་པར་དྲིན་ལན་བསབ་པའི་མདོ་དང་བསྟན་བཅོས་སོགས་ལས་གསུངས་པ་དཔེར་ན། ཁ་ཆེའི་ཕ་ལུའི་བསླབ་བྱ་ལས། རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱན་ཆ་རེད། །ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན། །ཁྲིམས་མགོ་ནོན་ན་བསམ་དོན་ལྷུན་གྱིས་འགྲུབ། །ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུན་སུམ་ཚོགས། །ཞེས་དང་། གོང་ན་གོ་བརྡ་གཤམ་ན་ཕ་མ་གཉིས། །དྲིན་ཅན་དྲིན་དུ་བསམ་པ་ཨེ་ཡོད་ལགས། །ཁྲེལ་དང་ངོ་ཚ་དགོས་པ་འདི་རུ་རེད། །ཚོགས་དང་བསོད་ནམས་བསགས་པའི་རྩ་བ་རེད། །ཅེས་གསུངས་པ་ལྟར། ང་ཚོས་སེམས་ཁོང་གི་མཛེས་སྡུག་དང་རེ་བ་ཡོད་ཚད་རྒྱལ་ཁབ་དང་དྲིན་ཆེ་བའི་མི་དེ་ལ་ཕུལ་ན་རང་རང་གི་ཚོགས་དང་བསོད་ནམས་བསགས་པ་ཡིན་པས་དྲིན་ཅན་ལ་དྲིན་ལན་འཇལ་འོས་པ་དང་འཇལ་དགོས་པ་ཞིག་ཀྱང་རེད། དྲིན་གཟོ་བ་ནི་རང་རེའི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་ཞིག་ཡིན་ལ།  གནའ་མི་བོད་ཀྱི་ཁ་དཔེར། སྔ་དྲོ་རྟ་ཕོ་ཆག་གིས་གསོས་ན། ། ཕྱི་དྲོ་དྲིན་ལན་འཕྲ་ཡིས་མ་འཇལ། ། ཞེས་དང་།  ཁྲེལ་གཞུང་ལྡན་པ་མི་ཡི་མཆོག། །ཅེས་དང་།  ཟས་ངོ་འཐུང་ངོ་འཆི་བདག་བདུད་ལའང་ཡོད་ཟེར་བ་ལྟར།  ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོད་སྣང་འོག་ཏུ་བོད་རིགས་མི་དམངས་རྣམས་ཀྱིས་རྒྱལ་ཁབ་དང་མི་རིགས་རིག་གནས་གོང་སྤེལ།  རྒྱལ་ཁབ་དར་ཞིང་རྒྱས་ལ་འབངས་རྣམས་བདེ་ཞིང་སྐྱིད་པའི་འཚོ་བ་ལ་ལོངས་སུ་སྤྱོད་བཞིན་པ་ནི་དྲན་འོས་པ་དང་དྲིན་དུ་གཟོ་འོས་པ་ཞིག་ཀྱང་ཡིན།

རང་རེའི་རྒྱལ་ཁབ་བཙུགས་ནས་ལོ་ངོ་60རིང་ཀྲུང་དབྱང་གི་ཐུགས་ཁུར་དང་ཞིང་ཆེན་དང་ཁུལ་གྱི་སྲིད་ཇུས་བཟང་པོའི་འོག་དཀར་མཛེས་ཁུལ་གྱི་བོད་རིགས་མི་དམངས་ཚོས་བདེ་སྐྱིད་ཀྱི་འཚོ་བ་གསར་པར་ལོངས་སུ་སྤྱོད་རྒྱུ་བྱུང་ནས་དཔལ་འབྱོར་དང་རིག་གནས། ཆོས་ལུགས།  ཆབ་སྲིད་སོགས་གང་ཅིའི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་ནི་དཔྱིད་ཀྱི་དཔལ་ཡོན་དང་གཉིས་སུ་མ་མཆིས་སོ། །

དང་པོ།  རྒྱལ་ཁབ་ཀྱི་བཀའ་དྲིན་ངོས་འཛིན་བྱ་བའི་སྐོར།

གཅིག  མི་རིགས་སྲིད་ཇུས་དངོས་འབེབས་བྱུང་ཡོད་པ།

དེ་ཡང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་བར་བོད་མི་དམངས་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དབང་ཆ་ཚང་མ་ལོངས་སུ་སྤྱོད་རྒྱུ་ཡོད་ཅིང་། རྫོང་དང་། ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁྲིམས་ལྟར་ཐད་ཀར་འདེམས་ཆོག་པ་མ་ཟད་འཐུས་མི་དེ་དག་གིས་རྒྱལ་ཡོངས་དང་། ཞིང་ཆེན།  རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་ཏེ་དམངས་ཚོགས་ཀྱི་རེ་འདོད་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་སྟོབས་ཤུགས་འབུལ་བཞིན་པ་ཡིན། གཞན་ཡང་རྒྱལ་ཁབ་ཀྱིས་མི་རིགས་སྲིད་ཇུས་ལག་བསྟར་ཡོང་བར་ཁག་ཐེག་བྱ་ཆེད།  འབྲེལ་ཡོད་བཅའ་ཁྲིམས་ཀྱང་གཏན་འབེབས་གནང་ཡོད་དེ།  དཔེ་བཞག་ན་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས་གཏན་འཁེལ་དང་ལག་བསྟར་བྱས་ཡོད་པ་རེད།

གཉིས། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་བཞིན་པ།

བོད་ཀྱི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་བྱུང་བ་དང་ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་ཡོད་ཅིང་། སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་སྐུལ་འདེད་བཏང་ནས་བོད་དུ་བོད་རྒྱ་སྐད་ཡིག་གཉིས་ཀར་མཐོང་ཆེན་དང་བོད་སྐད་ཡིག་གཙོ་བོར་འཛིན་གྱི་ཡོད། མིག་སྔར་བོད་ཀྱི་རོང་འབྲོག་ས་ཁུལ་དང་གྲོང་བརྡལ་ཁག་གཅིག་ཏུ་བོད་རྒྱ་ཡིག་རིགས་གཉིས་དུས་གཅིག་ཏུ་སློབ་ཁྲིད་བྱེད་པ་དང་སློབ་ཚན་གཙོ་བོ་བོད་སྐད་ཐོག་ནས་འཁྲིད་ཀྱི་ཡོད་པ་དང། སློབ་འབྲིང་གི་དུས་མཚམས་སུའང་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཚན་འཁྲིད་པ་དང་འབྲེལ།  སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་མ་བསྡུ་བའི་རྒྱུགས་ལེན་སྐབས་བོད་སྐད་ཡིག་དེ་རྒྱུགས་ལེན་གྱི་སློབ་ཚན་དུ་བྱེད་པ་དང་གྲུབ་འབྲས་དེ་སྤྱིའི་སྐར་གྲངས་ནང་བཞག་ནས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་ལ་སྐུལ་འདེབས་ཤུགས་ཆེན་བཏང་ཡོད་པ་དང་།  སྲོལ་རྒྱུན་གྱི་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་།  རྒྱུན་འཛིན།  དར་འཕེལ་བཅས་ནུས་ལྡན་བྱུང་ཡོད་ཅིང་། དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག་རིང་གྲས་གེ་སར་རྒྱལ་པོའི་སྒྲུང་དཔེ་ལེགས་སྒྲིག་དང་དཔེ་སྐྲུན།  གེ་སར་སྟོང་ཐང་ཆེན་མོ་བཞེངས་གྲུབ་སོགས་ཀྱིས་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་དང་བྱེད་བཞིན་ཡོད་པ་རེད།

གསུམ། མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བཞིན་པ།

དེང་རབས་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ནས་མི་དམངས་ཀྱི་རིག་གནས་སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ཅིང་།  དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བྱིས་སློབ་ཁང་དང་སློབ་ཆུང་།  སློབ་འབྲིང་།  འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་རིམ་པར་བཙུགས་ཤིང་།  ལོ་60ཡི་རིང་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་རིན་མེད་འོས་འགན་སློབ་གསོ་རྒྱལ་ཡོངས་ཀྱི་སྔོན་དུ་མངོན་འགྱུར་བྱུང་ཡོད།  ལོ་ངོ་མང་པོའི་སྔོན་ནས་བཟུང་རོང་འབྲོག་ཁུལ་དུ་བཅའ་སྡོད་ལམ་ལུགས་ཀྱིས་གཙོ་བོ་བྱེད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་བྱེད་སྟངས་ལག་བསྟར་བྱས་པ་དང་འབྲེལ་འོས་འགན་སློབ་གསོའི་དུས་རིམ་གྱི་རོང་འབྲོག་པའི་སློབ་མ་རྣམས་ལ་ཟ་མ་དང་སློབ་གོས།  སློབ་སྦྱོང་གི་འགྲོ་གྲོན་འགན་ལེན་བྱེད་པའིའགན་ལེན་གསུམགྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་རེད། 

བཞི།  བོད་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཏུ་གཏོང་བཞིན་པ།

ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་གལ་ཆེའི་འོག   སི་ཁྲོན་ཞིང་ཆེན་གྱིས་2020ལོར་ལས་བྱེད་མི་སྣ་སྟོང་གིས་བོད་སྐྱོར་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་ཡོད་པ་དང་།  སི་ཁྲོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་བོད་རིགས་ས་ཁུལ་གྱི་ལས་ཀའི་དགོས་མཁོ་དངོས་དང་བསྟུན་ནས་ཞིང་ཆེན་ཐད་གཏོགས་སྡེ་ཚན་15དང་གྲོང་ཁྱེར་10ཁྲོད་དུ་བོད་སྐྱོར་ལས་བྱེད་པ་925བདམས། སྔར་དང་མི་འདྲ་བ་ནི་ཁག་བཞི་པའི་བོད་ཁུལ་ཁ་གཏད་རོགས་སྐྱོར་ལས་བྱེད་པ་རྣམས་ལ་ལས་འགན་གཞན་ཞིག་ཡོད་པ་ནི་དབུལ་སེལ་འགག་སྒྲོལ་རེད།  ཤེས་ལྡན་མི་སྣ་དེ་དག་གིས་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཀྱི་འཕེལ་རྒྱས་དང་སྡོད་ཁང་རྨང་གཞིའི་འཛུགས་སྐྲུན།  དེ་མིན་སྤྱི་པའི་ཞབས་ཞུའི་ལས་ཀ་དང་གོམས་གཤིས་བཟང་པོ་སོགས་ཀྱི་ཕྱོགས་ལ་ཐབས་ཇུས་བཏོན་པ་དང་འབད་བརྩོན་བྱས་ཡོད།

2014ལོ་ནས་འགོ་བརྩམས་ཏེ། ཀྲུང་དབྱང་གི་བཀོད་སྒྲིག་ལྟར་དུ་ཀོང་ཏུང་ཞིང་ཆེན་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀ་ཕྱོགས་ཡོངས་ནས་བསྒྲུབ་འགོ་བརྩམས་ཡོད། སྤྱི་ཟླ་3པའི་ཚེས་22ཉིན་གྱི་ཕྱི་དྲོར། ཞིང་ཆེན་གཉིས་ཀྱིས་ཁྲེན་ཏུ་རུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཉམ་འབྲེལ་གྲོས་ཚོགས་འཚོགས་ཤིང་། ཁ་གཏད་རོགས་སྐྱོར་བྱས་ཏེ་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་དང་། ཆ་རྐྱེན་ལེགས་པའི་ཐོན་ལས་ཁྱད་ལྡན་གསོ་སྦྱོང་། ཤེས་ལྡན་མི་སྣའི་འབྲེལ་འདྲིས་སོགས་ཀྱི་ལས་ཀའི་འགན་འཁྲི་དང་ནང་རྐྱེན་ལ་གཅིག་གྱུར་སྒོས་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད་པ་རེད།

ལྔ།  བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པ།

ཀྲུང་དབྱང་དང་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་།  བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་མཐའ་ཚད་དང་པོ་བྱས་ཏེ་སྤྱི་ཡོངས་ཀྱི་ལས་ཀའི་ཁྲོད་གལ་ཆེའི་གནས་བབས་ཐོག་བཞག་ནས།  བླང་བྱ་གསར་པ་དང་ལམ་ལུགས་གསར་པ་རབ་དང་རིམ་པ་བཏོན་པ།  བྱ་ཐབས་གསར་པ་རབ་དང་རིམ་པ་བཟུང་བ་བཅས་བྱས་པས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

རང་ཞིང་དང་རང་ཁུལ་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ཁང་།  ཁྲིམས་ཁང་བཅས་དང་མཉམ་དུ་ཁོར་ཡུག་གི་སྲིད་འཛིན་ཁྲིམས་སྐྱོང་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་གཞོགས་འདེགས་ལས་ཀར་ཤུགས་སྣོན་རྒྱག་པ་ལག་བསྟར་བྱེད་བཞིན་ཡོད་པ་དང་།  ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འགལ་ཉེས་གསོག་གི་གྱོད་དོན་རྩིས་སྤྲོད་དང་གྲོས་མོལ་གཉེར་སྒྲུབ་ལྟ་སྐུལ།  མཉམ་འབྲེལ་བརྟག་དཔྱད་སོགས་ལས་ཀའི་ལམ་སྲོལ་བཙུགས་ནས་རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་ཚན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ་མཉམ་དུ་ནུས་པ་ཆེན་པོ་བཏོན་ནས།  རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་།  གལ་ཆེའི་སྐྱེས་ཁམས་མ་ལག་ལ་ཡང་སྲུང་སྐྱོབ་གང་ལེགས་ཐུབ་ཡོད་པ་མ་ཟད།  གཙོད་དང་འབྲོང་།  ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིགས་དང་།  བོད་ཁོ་ནར་མ་གཏོགས་མེད་པའི་རྩི་ཤིང་གི་རིགས་ལའང་སྲུང་སྐྱོབ་གང་ལེགས་ཐུབ་ཡོད།  ད་དུང་གཙང་པོ་དང་མཚེའུའི་ཆུའི་སྤུས་ཚད་ལེགས་པ་དང་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་བྱུང་ནས་བོད་ཁུལ་འདི་ཉིད་ལྷོ་སྣེ་དང་བྱང་སྣེ་ཕུད་པའི་གོ་ལ་ཧྲིལ་པོའི་ས་གཙང་ཤོས་གྲས་སུ་གྱུར་ཡོད་པ་རེད།

དྲུག  ཆོས་དད་རང་མོས་ཀྱི་སྲིད་ཇུས་དངོས་འབེབས་བྱུང་བ།

ཆོས་ལུགས་དད་མོས་རང་དབང་དངོས་འབེབས་བྱས་ཤིང་། སྤྱི་དམངས་ཀྱི་ཆོས་དད་རང་མོས་དང༌ཆོས་ལུགས་འཆམ་མཐུན།  སྤྱི་ཚོགས་མཐུན་སྒྲིལ་སྲུང་སྐྱོང༌། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་ཡོང་བའི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་བཟོས་ཤིང་། སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་ལ། རྩ་འཛུགས་སམ་ཡང་ན་མི་སྒེར་གང་རུང་གིས་སྤྱི་དམངས་ལ་ཆོས་ལུགས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་ཆོས་ལུགས་ལ་དད་པ་བྱེད་དུ་མི་འཇུག་པའི་བཙན་ཤེད་བྱེད་མི་ཆོག་པ་དང་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་སམ་ཡང་ན་ཆོས་ལ་དད་པ་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་རུང༌བ། ཆོས་དད་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་པའི་སྤྱི་དམངས། ཆོས་ལུགས་མི་འདྲ་བར་དད་པ་བྱེད་མཁན་གྱི་སྤྱི་དམངས་བཅས་དབར་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་མཉམ་གནས་བྱེད་དགོས་པ་གསལ་པོར་གཏན་ལ་ཕབ་ཅིང་། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་དང་ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། ཆོས་དད་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་ ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། དད་ལྡན་སྤྱི་དམངས་བཅས་ཀྱིས་རྩ་ཁྲིམས་དང༌། བཅའ་ཁྲིམས། ཁྲིམས་སྲོལ་དང་སྒྲིག་སྲོལ་བཅས་ལ་སྲུང་བརྩི་ཞུས་ནས་རྒྱལ་ཁབ་གཅིག་འགྱུར་དང༌། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་ནུས་ཤུགས་ཆེན་པོ་འབུལ་དང་འབུལ་བཞིན་ཡོད་པ་བཅས་སོོ། །

གཉིས་པ།  དམ་ཆོས་ལ་གཅེས་པའི་སྒོ་ནས་རྒྱལ་ཁབ་ལ་དྲིན་གཟོ་བ།

སྤྱོད་འཇུག་ལས།  འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ། ཅེས་དང་།  སྨན་ཆོག་ལས། མ་རིག་མུན་སེལ་སྒྲོན་མེ་མཆོག། །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཅེས་གསུངས་པ་ལྟར། བོད་བརྒྱུད་ནང་བསྟན་ནི་ལོ་རྒྱུས་ཡུན་རིང་ལྡན་པར་མ་ཟད།  དུས་ཡུན་རིང་པོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་བོད་བརྒྱུད་ནང་བསྟན་གྱིས་ཐོག་མཐའ་བར་གསུམ་དུ་ནང་བསྟན་ཆོས་ལུགས་ཀྱི་བྱམས་སྙིང་རྗེ་དང་། རྒྱལ་སྐྱོང་འགྲོ་ཕན། དྲིན་ཤེས་དྲིན་གཟོ། འགྲོ་བ་ཀུན་དགེ་བའི་ལས་ལ་སྦྱོར་ཞིང་སྐུལ་བའི་ལས་བསགས་པ་སོགས་ཀྱི་ཆོས་ལུགས་དགོངས་དོན་རྒྱུན་འཛིན་དང་ཆབས་ཅིག་འགྲོ་བ་སེམས་ཅན་ལ་ཕན་བདེ་བསྐྲུན་པའི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་ཡོད་པ་དང་།   བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ནང་གསེས་ཀྱི་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་ཡོད་ནའང་།  སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བྱེད་པ་སོགས་ནི་སྔ་ཕྱི་བར་གསུམ་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་ནང་དོན་ཡིན་པ་དང་། གྲུབ་མཐའ་ཁག་ལ་ཐུན་མོང་དུ་ལྡན་པའི་དགོངས་དོན་ཞིག་ཀྱང་རེད།

ང་ཚོ་དཀར་མཛེས་རང་སྐྱོང་ཁུལ་ཡོངས་ལ་དགོན་སྡེ་ལྔ་བརྒྱ་ལྷག་གི་ཆོས་སྒོ་ཕྱེ་ཡོད་པ་དང་དགོན་སྡེ་སོ་སོས་ཆོས་ལུགས་མཛད་སྒོ་ཟབ་རྒྱས་ངང་སྤེལ་བཞིན་ཡོད་པ་འདིས་ང་ཚོ་ནང་པ་སུ་ཡིན་ཡང་ཧ་ཅང་དགའ་འོས་པའི་སེམས་ཅན་གྱི་དོན་འགྲུབ་པ་དང་རྒྱལ་ཁབ་ལ་འབུལ་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཅི་ལ་མིན། སངས་རྒྱས་ཀྱི་མདོ་སོགས་ལས། དྲིན་ཅན་གྱི་དྲིན་ཤེས་དགོས་པ་དང་ཤེས་པ་ཙམ་མ་ཡིན་པར་དྲིན་གཟོ་དགོས་པར་གསུངས་པས། ང་ཚོ་ཆོས་ལུགས་པ་ཞིག་ཡིན་ན་རྒྱལ་ཁབ་དང་དབུ་ཁྲིད་ཀྱི་བཀའ་དྲིན་ཙམ་དུ་མ་ཟད་རང་ལ་ཕན་ཐོགས་པའི་དགེ་རྒན་དང་དཀོན་མཆོག་སོགས་སེམས་ཅན་ཐམས་ཅད་ཀྱི་བཀའ་དྲིན་སྙིང་ནས་དྲན་བཞིན་ཆོས་སྒྲུབ་པ་ནི་ཆོས་པ་རྣམ་དག་ཅིག་གི་བྱ་སྤྱོད་ཡིན་པར་སེམས་སོ། །ལྷག་པར་ཉེ་བའི་ལོ་འདི་དག་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མང་ཚོགས་ལས་དོན་ཕྱོགས་ཀུན་ཏུ་ཁྱབ་པ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་དགོན་པའི་གྲྭ་བཙུན་དང་། ཁ་ཕྱོགས་གཅིག་པ། བསམ་བློ་གཅིག་པ། བྱ་སྤྱོད་གཅིག་པའི་ཞེ་མཐུན་ཕྱོགས་མཐུན་གྱི་ལས་དོན་དང་གཉེན་ཉེ་བསྒྲིགས་ཏེ། བྱ་བ་གང་ཡང་རྒྱབ་སྐྱོར་དང་རོགས་རམ་གྱི་ལས་དོན་ནས་གཏིང་ཟབ་སྤེལ་ནས། དབུ་ཁྲིད་ལས་བྱེད་ཀྱིས་དགོན་པ་དང་གྲྭ་བཙུན་ལ་རོགས་སྐྱོར་དང་ཐུགས་ཁུར་གནང་བའི་སྲོལ་བཟང་ཆགས་ཡོད། དགོན་པའི་བདག་གཉེར་རྒྱུན་རིང་པོར་བརྟན་བརླིང་ཡོང་བའི་ཆེད་དུ་སྒྲིག་སྲོལ་འཛུགས་སྐྲུན་དང་ཆུ་གློག་དང་དཔེ་མཛོད་ཁང་སོགས་ལྔ་ཡོད་པའི་ལས་གཞི་འཆར་འགོད་འཛུགས་སྐྲུན་སོགས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་སོགས་ནི་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་དགོན་པ་དང་གྲྭ་བཙུན་ལ་གཟིགས་སྐྱོང་གནང་བའི་དམངས་ཕན་གྱི་ལས་གཞི་འདི་དག་ཡིན་ནོ།

འདི་དག་གིས་རྒྱབ་ཁབ་དང་ཏང་གི་དབུ་ཁྲིད་འོག་ཏང་ཨུད་དང་སྲིད་གཞུང་གིས་དགོན་པ་དང་གྲྭ་བཙུན་ལ་ཕན་བདེ་གནང་བཞིན་པ་མཚོན་ལ། ང་ཚོ་ནི་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་ཡོད་པས། སེམས་ཅན་ཐམས་ཅད་རང་གི་སྐྱེ་བ་སྔོན་མར་ཕ་མ་བྱེད་མྱོང་པས་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པར་ཤེས་དགོས་པ་དང་། མར་ཤེས་པའི་རྗེས་སུ་ད་ལྟའི་རང་གི་ཕ་མ་ལྟ་བུའི་རང་ལ་ཕན་ཐོགས་པ་བཞིན་དུ་དེ་དག་གིས་ཀྱང་རང་ལ་སྐྱེ་བ་སྔོན་མར་ཕན་ཐོགས་ཆེན་པོའི་སྒོ་ནས་བསྐྱངས་ཡོད་པའི་བཀའ་དྲིན་དྲན་དགོས་པ་དང་། བཀའ་དྲིན་ཡང་དྲན་ཙམ་གྱིས་མི་ཆོག་པར་དྲིན་གཟོ་དགོས་པ་དང་། རང་ཉིད་ཀྱིས་ཅི་འབྱོར་ཅི་ནུས་ཀྱིས་རང་ལ་དྲིན་ཞིག་བྱིན་པ་དེ་ལ་དྲིན་ལན་ཡང་དག་པ་ཞིག་འཇལ་བའི་འདུན་པ་སྐྱེས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་ཆོས་ཉམས་སུ་ལེན་དགོས་པ་འདི་ནི་རང་རང་གི་མི་ཚེའི་མདུན་ལམ་དང་རབ་ཏུ་བྱུང་བའི་ཉིང་དགོས་དང་རྒྱབ་ཁབ་དང་རང་མི་རིགས་དང་ཕ་མ་སོགས་ལ་ཕུལ་བའི་ལེགས་སྐྱེས་འདི་ནི་དྲན་ཅན་ལ་དྲིན་གཟོ་སྟངས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་སེམས་སོ། །

བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཞིག་ཡིན་ཕྱིར་ཐོག་མར་ངེས་འབྱུང་བསམ་པས་གཞི་བྱས་ཏེ་སངས་རྒྱས་བསྟན་པའི་ནང་སྙིང་འདུལ་བའི་ཕྱག་ལེན་དང་མཐུན་པར་རབ་ཏུ་བྱུང་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་མདོ་རྒྱུད་དང་བཅས་པའི་དགོངས་དོན་ལ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་གནང་དགོས་ཤིང་།  དེ་ཡང་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་དོན་ཉམས་སུ་ལེན་ཞིང་།  ཉམས་སུ་བླངས་པའི་ལག་རྗེས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། རྒྱལ་ཁམས་བདེ་ཞིང་འགྲོ་ཀུན་བྱམས་བརྩེའི་དཔལ་ལ་སྦྱོར་བའི་ཤཱཀྱའི་དགེ་སྦྱོང་རྣམ་དག་ཞིག་བྱེད་དགོས་མོད།  དེ་ལྟ་བུ་ཞིག་མ་འཇོན་ཡང་མ་མཐར་ཡང་སོ་སོ་ཐར་བའི་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པ་བསྲུང་ཞིང་དགེ་སྦྱོར་ལ་རྟག་ཏུ་བརྩོན་པ་གཞིར་བཅས། བཀའ་དྲིན་ལ་བསམ་ཤེས་དང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་བླ་ན་མེད་པ་རང་ནུས་ཀྱིས་དར་སྤེལ་བྱས་ཏེ་ཆོས་ཕྱོགས་ཀྱི་རྟོགས་པ་མུ་མཐུད་དུ་མཐོ་རུ་གཏོང་དགོས་པ་དང་། དགོན་པ་དང་། དགེ་འདུན་པ། བསྟན་པ་བཅས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་ཅིང་། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་གོམ་སྟབས་དང་བསྟུན་ནས། རྒྱབ་ཁབ་དང་སངས་རྒྱས་ཀྱི་བསྟན་པ་སོགས་ལ་མཛད་རྗེས་ཆེ་བའི་སྔོན་བྱོན་མཁས་པའི་དབང་པོ་ས་སྐྱ་པཎ་ཊི་ཏ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ།    རྗེ་ཙོང་ཁ་པ།   ལྕང་སྐྱ་བློ་བཟང་ཆོས་ལྡན།  ཐུའུ་བཀན་ཆོས་ཀྱི་ཉི་མ། པཎ་ཆེན་རིན་པོ་ཆེ།  མཁས་དབང་ཚེ་ཏན་ཞབས་དྲུང་།  མཁས་དབང་དམུ་དགེ་བསམ་གཏན།  མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།  དགེ་རྟག་སྤྲུལ་སྐུ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་སོགས་ལ་སློབ་སྦྱོང་དང་ཁ་མིག་ཡར་ལྟོས་ཀྱི་མིག་དཔེ་བཟང་པོར་བཟུང་སྟེ།  དམ་ཆོས་ལ་གཅེས་པ། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་གོམས་སྲོལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་གཞིར་བྱས་ཐོག  རྒྱལ་བའི་དགོངས་དོན་ལ་ཐོས་བསམ་སྒོམ་སྒྲུབ་རྩེ་གཅིག་ཏུ་གནངས་ཏེ། ལྟ་སྒོམ་སྤྱོད་གསུམ་གང་གི་ཐོག་ནས་ཀུན་གྱི་མིག་དཔེར་འོས་པའི་གྲྭ་བཙུན་མིང་དོན་མཚུངས་པ་ཞིག་དང་། བོད་ཁུལ་གསར་པའི་འཆམ་མཐུན་དང་བརྟན་ལྷིང་། སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་གིས་འབུལ་རྒྱུ་ནི་ང་ཚོ་ཆོས་པ་ཚོའི་འོས་འགན་ལགས།

གཞན་ཡང་སངས་རྒྱས་ཆོས་ལུགས་ནི་ཐོག་མཐའ་བར་གསུམ་དུ་དགེ་བའི་ངོ་བོར་གྱུར་པའི་ཆོས་ལུགས་ཤིག་ཡིན་ཞིང་། སྟོན་པ་ཤཱཀྱ་ཐུབ་པས་མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཞེས་ཐོག་མཐའ་བར་གསུམ་དུ་དགེ་བ་ནི་དམ་པའི་ཆོས་ཡིན་པ་དང་།  སོ་སོར་ཐར་བའི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །སངས་རྒྱས་བསྟན་པ་འདི་ཡིན་ནོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་གསུངས་པ་ལྟར།  སྡིག་པ་མི་དགེ་བའི་ལས་སྤངས། དགེ་བའི་ལས་དེ་བསྒྲུབས་ནས་རང་རྒྱུད་ཀྱི་སེམས་མ་རུངས་པ་འདུལ་བ་ནི་སངས་རྒྱས་ཀྱི་ཆོས་རྣལ་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་ལ་གནོད་པ་སྤོང་ཞིང་སྡུག་བསྔལ་སེལ་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་སྤྱོད་པ་འཚེ་བ་མེད་པ་དེ་ཡིན་ནོ། །

མདོར་ན་དམ་པའི་ཆོས་རྣམ་དག་ཅིག་བསྒྲུབས་ནས། འཛམ་གླིང་སྤྱི་དང་སྒོས་སུ་རང་རེ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ནང་ཆོས་ལུགས་གྲུབ་མཐའ་བར་དང་། མི་རིགས་དང་མི་རིགས་ཁག་བར།  རྒྱལ་ཁབ་དང་མི་རིགས་ཁག་བར་འཆམ་མཐུན་ཡོང་བ་དང་། རང་བྱུང་གནོད་སྐྱོན་དང་མི་ནོར་རྒྱུ་གསུམ་ལ་སད་སེར་གོད་ཆག་མེད་པར་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་ཡོང་བའི་རྒྱུ་བསྐྲུན་རྒྱུ་དང་། འགྲོ་བའི་སྡུག་བསྔལ་ཐམས་ཅད་སེལ་བའི་སྨན་མཆོག   བདེ་བ་ཐམས་ཅད་ཀྱི་འབྱུང་བའི་གནས་གཅིག་པུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པར་བྱས་ཏེ། རང་རེའི་རླབས་ཆེ་བའི་རྒྱལ་ཁབ་ལ་དྲིན་གཟོའི་བྱ་བ་ཅི་ལྕོགས་ཀྱིས་འབད་བརྩོན་བྱ་རྒྱུ་ནི་ང་ཚོའི་ཕུགས་བསམ་ཡིན་ནོ། །